༄༅།།འབུམ་རམས་པ་མགོན་པོ་ཚེ་རིང་གི་རྩྭ་ས་བཀོལ་སྤྱོད་དང་དོ་དམ་སྒྲིག་ཁྲིམས་སྐོར་གྱི་དེབ་གསར་འགྲེམ་སྤེལ།

རྩོམ་པ་པོ།:ལྷ་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-06 15:32:44 ཀློག་གྲངས།:
      ཉེ་ལམ། འབུམ་རམས་པ་མགོན་པོ་ཚེ་རིང་གིས་བརྩམས་པའི《ཚོང་ར་ཅན་འཕེལ་རྒྱས་ཁྲོད་མདོ་དབུས་མཐོ་སྒང་གི་རྩྭ་ས་བཀོལ་སྤྱོད་དང་དོ་དམ་གྱི་ལམ་ལུགས་འཕོ་འགྱུར》ཞེས་པའི་དཔེ་དེབ་དེ་ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
      དཔེ་དེབ་འདིའི་ནང་། ཐོག་མར་རང་རྒྱལ་ཕྱུགས་ལས་ས་ཁུལ་གྱི་དངོས་ཡོད་རྩྭ་ས་དོ་དམ་ཁྲོད་ཀྱི་ལམ་ལུགས་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་གོ་རིམ་ལ་དབྱེ་ཞིབ་དང་། དོ་དམ་ལམ་ལུགས་གསར་བས་ཕྱི་རོལ་ཐོན་ཁུངས་ནང་འདྲེན་དང་སྡོད་ཁུལ་ནང་ཁུལ་གྱི་རྩྭ་སའི་ཐོན་ཁུངས་ཇི་ལྟར་སྒྲིག་སྦྱོར་བྱས་ཏེ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ས་ཁུལ་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པ་དང་། དེ་ནས་ཕྱུགས་ལས་ས་ཁུལ་དུ་རྩྭ་སའི་དོ་དམ་ལམ་ལུགས་གསར་བའི་ཁྲོད་ཚོང་རའི་རྐྱེན་སྲོལ་དང་གོམས་གཤིས་ལམ་ལུགས་ཀྱི་འབྲེལ་བ་གླེང་བ། མཐའ་མར། ཕྱུགས་ལས་ས་ཁུལ་དུ་རྩྭ་སའི་དོ་དམ་རྣམ་པ་གསར་བ་ནས་རྐང་ཚུགས་ཏེ། རྩྭ་སའི་དོ་དམ་རྣམ་པ་གསར་བ་འདི་དག་དང་རྒྱལ་ཁབ་ཀྱིས་སྐུལ་བའི་ཚོང་རའི་རྐྱེན་སྲོལ་རྨང་གཞི་བྱས་པའི་རྩྭ་སའི་དོ་དམ་སྲིད་ཇུས་ཀྱི་ངོ་བོའི་ཁྱད་པར་ལ་དབྱེ་ཞིབ་བྱས་ཏེ། རང་རྒྱལ་ཕྱུགས་ལས་ས་ཁུལ་གྱི་རྩྭ་སའི་དོ་དམ་ཐད་ཐོན་དབང་གཞུང་ལུགས་དང་ལྟ་སྟངས་གསར་བ་བཏོན་ཡོད།
རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།
     མགོན་པོ་ཚེ་རིང་ནི་ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་། པེ་ཅིང་སློབ་ཆེན་ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་ནས་འབུམ་རམས་པའི་སློབ་མཐར་ཕྱིན། གཙོ་ཆེར་རང་བྱུང་ཐོན་ཁུངས་དོ་དམ་དང་སྲིད་ཇུས་ཐད་ཀྱི་སློབ་གསོ་དང་ཚན་ཞིབ་བྱ་བའི་སྐོར་བསྒྲུབ་ཀྱི་ཡོད་པ་དང་། དུས་ཡུན་རིང་བོར་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། མདོ་དབུས་མཐོ་སྒང་གི་རྩྭ་སའི་ཐོན་ཁུངས་དོ་དམ་སྲིད་ཇུས་དང་ཐོན་དབང་། མདོ་དབུས་མཐོ་སྒང་གི་སྤྱི་ཚོགས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་ཇུས་དང་དོ་དམ། ཕྱུགས་ལས་ས་ཁུལ་གྱི་སྤྱི་ཚོགས་རིག་གནས་དེ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཀྱི་ནུས་པ་སོགས་ཐད་ནས་ཞིབ་འཇུག་དང་ལག་ལེན་གྱི་བྱ་བ་བསྒྲུབ་བཞིན་ཡོད། དེ་མིན་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་དང་རྒྱལ་སྤྱིའི་འབྲེལ་འདྲིས་ཀྱི་ལས་གཞི་གང་མང་ལ་ཞུགས་མྱོང་ལ། 《རྩྭ་སའི་བེད་སྤྱོད་སྲིད་ཇུས》Land Use Policyདང《སྐྱེ་ཁམས་དང་སྤྱི་ཚོགས》Ecology and Societyཞེས་པའི་དུས་དེབ་སོགས་ཀྱི་སྟེང་རྩོམ་ཡིག་གང་མང་སྤེལ་མྱོང་།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།