༄༅།།《ཤེལ་ཕྲེང་སྨན་ངོ་རབ་གསལ་དེལ་དམར་དགོངས་རྒྱན》དཔར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-09-30 10:49:45 ཀློག་གྲངས།:
ལོ་རབས་བརྒྱད་ཅུ་པ་ནས་བཟུང་། རྒྱལ་ནང་དུ་བོད་ཀྱི་གསོ་རིག་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་སོང་བ་དང་བསྟུན། བོད་སྨན་གྱི་གཞུང་དང་འགྲེལ་བ་མང་པོ་ཞིག་རྒྱ་ཡིག་ཏུ་བསྒྱུར་ཡོད་ན་ཡང་། བསྒྱུར་བ་པོས་གཞུང་སྤྱིའི་དགོངས་པ་དང་བྱེ་བྲག་གི་སྨན་མིང་སོགས་མ་ཡིག་ལས་རིང་དུ་བརྒལ་ཏེ་ལོག་བསྒྱུར་གྱི་སྣང་ཚུལ་གང་མང་ཞིག་བྱུང་ཡོད་པས། དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི《བདུད་རྩི་སྨན་གྱི་རྣམ་དབྱེ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང》དང་དེའི་འགྲེལ་བའི་རྒྱ་འགྱུར་ཡང་དེ་ལས་མ་འདས་སོ།།
ཐེངས་འདིར། བོད་ལྗོངས་སྨན་རྩིས་ཁང་དང་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔར་བསྐྲུན་བྱས་པའི《ཤེལ་ཕྲེང་སྨན་ངོ་རབ་གསལ་དེལ་དམར་དགོངས་རྒྱན》ཞེས་བྱ་བ་འདི་ནི། ཁྲོ་རུ་ཚེ་རྣམ་མཆོག་གཙོ་བྱས་པའི་བོད་ཀྱི་གསོ་རིག་གི་མཁས་དབང་རྒན་གྲས་ཁག་ཅིག་དང་མཉམ་དུ་བགྲང་བྱ་དུ་མར་ཕྱག་ལས་གནང་མྱོང་མཁན་གྱི་དགེ་རྒན་ཆེན་མོ་ལོ་ཏཱ་ཧྲེང་གིས་གཙོ་སྒྲིག་གནང་བ་ཡིན་ཞིང་། དེབ་འདིར་ཁོང་གིས《དྲི་མེད་ཤེལ་ཕྲེང 》གི་རིགས་ལམ་དང་སྒྲིག་གཞི་ལྟར། ཡིག(རྒྱ་ཡིག བོད་ཡིག ལ་ཏིང་ཡི་གེ)རིས་ཟུང་ལྡན་ངང་སྨན་མིང་དང་འབྱུང་ཁུངས། བྱེད་ནུས་ལ་ཚིག་ཉུང་དོན་བསྡུས་ཀྱིས་ངོ་སྤྲོད་བྱས་ཡོད་པར་མ་ཟད། སྨན་གཅིག་ལ་མིང་དུ་མ་དང་། མིང་གཅིག་ལ་སྨན་དུ་མ་ཡོད་པའི་འཁྲུལ་བ་ཁ་ཤས་ཀྱང་སེལ་ཅི་ཐུབ་གནང་འདུག་གོ།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།