| ༢༠༠༨ལོའི་ཟླ༡༢པའི་ཚེས༡༦ཉིན།བོད་ལྗོངས་སློབ་གྲྭ་ཆེན་མོ་དེ“༢༡༡ལས་གྲྭའི”གཙོ་གནད་འཛུགས་སྐྲུན་ཁྱབ་ཁོངས་ནང་དངོས་སུ་ཚུད་པ་རེད།
ཁ་སང་གསར་འགོད་པས་བོད་ལྗོངས་སློབ་ཆེན་གྱི་འགན་ཁུར་མི་སྣར།སློབ་གཉེར་གྱི་ལོ་རྒྱུས་ལོ་ངོ༥༠ཙམ་ལྡན་པའི་བོད་ལྗོངས་སློབ་ཆེན་དེ“༢༡༡ལས་གྲྭའི”གཙོ་གནད་འཛུགས་སྐྲུན་ཁྱབ་ཁོངས་ནང་དངོས་སུ་ཚུད་རྗེས་ཀྱི་ལོ་དང་པོར།སློབ་གྲྭས་སློབ་བསྡུའི་བྱ་ཐབས་ཐད་འགྱུར་བ་ཅི་ཞིག་བྱུང་ཡོད་མིན་ཐད་ཀྱི་བཅར་འདྲི་ཞིག་ཞུས་པ་ཡིན།
བོད་ལྗོངས་སློབ་ཆེན་སློབ་བསྡུ་གཞུང་ལས་ཁང་གི་འགན་ཁུར་བ་ཏིང་ཨ་རུང་གིས་གསར་འགོད་པར་ངོ་སྤྲོད་གནང་བར།སློབ་གྲྭས་ད་ལོར་སློབ་མ་བསྡུ་ཚད་དེ་ན་ནིང་དང་བསྡུར་ན་འགྱུར་བ་ཆེན་པོ་བྱུང་མེད། འཆར་གཞིར་ལྗོངས་ཕྱི་ནས་སློབ་མ༡༥༠ཙམ་མང་དུ་བསྡུ་རྒྱུ་ཡིན། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དགོངས་དོན་གཞིར་བཟུང་ནས། ད་ལོར་བསྡུས་པའི་དགེ་འོས་རིགས་ཀྱི་ཆེད་སྦྱོང་དང་། ཞིང་འབྲོག་ལས། ནགས་ལས། ས་གཤིས།གཏེར་ལས་རིགས་ཀྱི་འབྲེལ་ཡོད་ཆེད་སྦྱོང་སློབ་མའི་སློབ་ཡོན་དང་ཉལ་ཁང་གི་རིན་བསྡུ་རྒྱུ་མིན་པ་མ་ཟད། ད་དུང་ཁོང་ཚོར་འཚོ་བའི་ཁ་གསབ་རོགས་དངུལ་ཀྱང་སྤྲོད་རྒྱུ་ཡིན་པ་དང་། གཞན་ཡང་། གསར་གཏོད་ཀྱི་ནུས་པ་ལྡན་པའི་ཤེས་ལྡན་མི་སྣ་རྩེ་གྲས་གསོ་སྐྱོང་བྱ་ཆེད། དེ་སྔོན་གྱི་ཁྲིམས་ལུགས་རིག་པ་དང་། ས་ཁམས་ཚན་རིག་རིག་པ། རྒྱའི་སྐད་དང་རྩོམ་རིག སྲིད་འཛིན་དོ་དམ་རིག་པ་བཅས་ཅུང་ལེགས་པའི་ཁེ་ལས་བཞི་པོ་དེ་དག་གཙོ་གནད་ཆེད་སྦྱོང་གི་གྲས་སུ་འཇོག་རྒྱུ་ཡིན།ཅེས་གསུང་གནང་གི་འདུག
ཁོང་གིས་ད་དུང་། ད་ལོར་ང་ཚོས་གསར་འགྱུར་རིག་པའི་ཆེད་སྦྱོང་ཞིག་གསར་དུ་བསྣན་པ་དང་། དེའི་དམིགས་ཡུལ་ནི་གཙོ་བོ་བོད་སྐད་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཀྱི་རྒྱང་སྒྲོག་པ་དང་གཙོ་སྐྱོང་མི་སྣ་གསོ་སྐྱོང་བྱེད་རྒྱུའི་ཐད་ཁ་ཕྱོགས་རྒྱུ་དེ་ཡིན།དེའི་ཐད་འཆར་གཞི་ལྟར་ན་སློབ་མ་བུ་བཅུ་དང་བུ་མོ་བཅུ་བསྡུ་རྒྱུ་ཡིན་ཅེས་གསུང་གི་འདུག
བོད་ལྗོངས་སློབ་ཆེན་གྱི་གསར་འགྱུར་རིག་པའི་ཆེད་སྦྱོང་ལ་ཡིག་རྒྱུགས་སྤྲོད་འདོད་ཡོད་པའི་སློབ་མ་ཚང་མ་སློབ་གྲྭ་དེ་གས་སྒྲིག་འཛུགས་བྱས་པའི་ཆེད་སྦྱོང་གི་ཡིག་ཚད་གཏོང་བར་ཞུགས་རྒྱུ་དང་། ཆེད་སྦྱོང་གི་ཡིག་རྒྱུགས་དེར་སྔ་རྒྱུགས་དང་ཕྱི་རྒྱུགས་ཁག་གཉིས་སུ་དབྱེ་རྒྱུ་དང་། ཡིག་རྒྱུགས་གཏོང་བའི་སྐད་རིགས་ནི་བོད་སྐད་ཡིན་པ་རེད། ཡིག་རྒྱུགས་ནང་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་བ་འདིའི་ཚེས༡༧དང་ཚེས༡༨བར་གྱི་ཉིན་གཉིས་ཀྱི་རིང་ཡིན་པ་དང་། ཡིག་རྒྱུགས་སྔ་མ་དེ་ཚེས༡༩དང་ཚེས༢༠ཉིན་གཏོང་རྒྱུ་དང་། ཕྱི་མ་དེ་ཚེས༢༡ཉིན་གཏོང་རྒྱུ་རེད། ཡིག་རྒྱུགས་གཏོང་ས་ནི་བོད་ལྗོངས་སློབ་ཆེན་རྙིང་པའི་ནང་ཡིན་པ་རེད། |