
ནང་དོན་གནད་བསྡུས། དུས་རབས་ཉེར་གཅིག་པ་ནི་རིག་གནས་འཛམ་གླིང་ཅན་དང་རིག་གནས་གཞི་མང་ཅན་གྱི་དུས་རབས་ཤིག་ཡིན་ཕྱིར། མི་རིགས་ཀུན་གྱིས་རིག་གནས་བརྗེ་རེས་དང༌། དབྱེར་མེད་གཅིག་ཏུ་ཐིམ་པ་དང༌། ཕན་ཚུན་ལེགས་ཆས་ཁ་གསབ་བྱས་ནས་མི་རིགས་ཀྱི་ས་རྒྱ་དང་རྣམ་པའི་གཏན་ཚིགས་ལས་བརྒལ་ཏེ་རིག་གནས་འདི་འཛམ་གླིང་ལ་ཁ་ཕྱོགས་ནས་བླང་དོར་དགག་སྒྲུབ་ཀྱི་སྲང་ལ་བཀུག་སྟེ་ཀུན་གྱིས་ཐུན་མོང་གི་ལོངས་སྤྱོད་དུ་བསྒྱུར་དགོས།
བརྡ་ཆད་གཙོ་བོ། མི་རིགས། མི་རིགས་ཀྱི་རིག་གནས།
དང་པོ། མགོ་བརྗོད།
འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉིད་རུས་རྒྱུད་ཚོ་བ་གོང་དུ་འཕེལ་ནས་མི་རིགས་སྤྱིའི་ཕུང་བོར་གྲུབ་པ་ན། མི་རིགས་རང་རང་གི་རིག་གནས་ཀུན་གྱིས་རང་གི་ཐུན་མོང་མིན་པའི་མི་རིགས་རང་བཞིན་དང་ཁྱད་ཆོས་ལ་བརྟེན་ཏེ་འཛམ་གླིང་རིག་གནས་ཀྱི་རིན་ཆེན་གཏེར་མཛོད་དུ་འོད་སྟོང་སྤྲོ་བཞིན་མཆིས་སོ།། སྤྱིར་མི་རིགས་དང་རིག་གནས་ཞེས་པ་གཉིས་ཀྱི་དོན་སྤྱིའི་གོ་བ་དང་ཁྱབ་ཁོངས་ཐ་དད་ཅིང་མི་འདྲ་མོད། འོན་ཀྱང་མི་རིགས་ཤིག་གླེང་འོང་དུས་ངང་ངམ་ཤུགས་ཀྱིས་དེའི་རིག་གནས་ཁྱད་ཆོས་དང་རྣམ་པ་ཀུན་དྲངས་འོང་བ་ཡིན་ལ། དེ་བཞིན་རིག་གནས་ཤིག་གླེང་བའི་སྐབས་སུའང་དེའི་རྟེན་གཞི་མི་རིགས་དང་དེའི་ངོ་བོ་མི་གླེང་མི་སྲིད་པས། མི་རིགས་དང་རིག་གནས་གཉིས་དེ་ལྟ་བུར་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་དེའི་ཚོན་མདངས་སྣ་ཚོགས་སུ་བཀྲ་བ་དང་སྐྱེ་སྟོབས་ཀྱི་གཟི་དཔལ་འབར་བ་ཀུན་ནས་མཚོན་པར་བྱེད་དོ།།
མི་རིགས་ནི་རིམ་གྱིས་འགྱུར་བཞིན་པའི་ཆོས་དང་ལྡན་པ་ལོ་རྒྱུས་ཀྱི་ཆ་ནས་བཞག་པའི་དོན་སྤྱིའི་གོ་བ་དང་ལྡན་པ་ཞིག་ཡིན་པས། དེ་ཉིད་ཀྱི་བྱུང་བ་དང༌། འཕེལ་རྒྱས། ཉམས་ཆག་ཀུན་དུས་ཡུན་ཤིན་ཏུ་རིང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང་དེ་ལ་ཁོ་རང་ངོས་ཀྱི་འགྱུར་ལྡོག་གི་རང་བཞིན་ལྡན་པའི་ཆོས་ཉིད་ཅིག་ཡོད་དོ།། ལོ་རྒྱུས་ཐོག་ཏུ་མི་རིགས་ཅི་ཙམ་ཉམས་ཟིན་པ་བཤད་མི་དགོས་ཤིང་མ་འོངས་པ་ན་མི་རིགས་ཅི་ཙམ་གྲུབ་འགྲོ་བ་ལ་དཔྱད་པར་ད་ལྟ་འཛམ་གླིང་སྟེང་ན་མི་རིགས་ཉིས་སྟོང་ལྷག་ཡོད་པའི་གནས་བབ་དངོས་ལ་བརྟེན་ནས་བཤད་ན། དེ་ཐམས་ཅད་རང་རང་གི་རིགས་རྒྱུད་མི་འདྲ་བར་མ་ཟད། རྒྱལ་ཁབ་དང་ས་གནས་མི་འདྲ་ཞིང་རིག་གནས་ཀྱི་རིགས་ཀྱང་མི་འདྲ་ལ། དེའི་སྤྱིའི་ཁྱབ་རྒྱ་དང་དཔལ་འབྱོར་གྱི་ཆ་ནས་སྤྱི་ཚོགས་འཕེལ་བའི་དུས་རིམ་ལ་ཁྱད་པར་ཆེན་པོ་ཡོད་དོ།།དེ་ཡང་མི་རིགས་སོ་སོའི་དཔལ་འབྱོར་གྱི་ཆ་ནས་སྤྱི་ཚོགས་འཕེལ་ཚད་ལ་ཁྱད་པར་ཆེ་བའམ་རིག་གནས་འཕེལ་རིམ་གྱི་ཆ་ནས་ཁྱད་པར་ཇི་ལྟར་ཆེ་ནའང༌། མིའི་རིགས་ཀྱི་རིག་གནས་ལོངས་སྤྱོད་ཀྱི་རིན་ཐང་གི་སྒོ་ནས་མི་རིགས་ཆེ་ཆུང་ཞེས་དང༌། སྔོན་ཐོན་དང་རྗེས་ལུས་ཞེས་སུ་གདགས་སུ་མེད་པས། མི་རིགས་སོ་སོའི་རིག་གནས་ཐམས་ཅད་འགྲོ་བ་མིའི་རིགས་ཀྱི་རིག་གནས་གཏེར་མཛོད་ཆེན་པོར་ཉར་པའི་མུ་ཏིག་གི་ཕྲེང་བ་རེ་རེ་ཡིན་ལ། དེ་རྣམས་ཀྱི་ཁྱད་པར་ནི་དུས་རབས་དང༌། ས་གནས། ཕྱིའི་རྣམ་པ་ཙམ་མོ།། དེ་ལྟར་ནའང་རིག་གནས་ཐམས་ཅད་མཉམ་པ་ཉིད་ཡིན་དེ། དེ་ཀུན་མིའི་རིགས་རང་ཉིད་ཆར་གྱུར་པའི་ཕྱིར་རོ།།
བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཏེ། སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཡུན་རིང་མོའི་ནང་བོད་རིགས་མི་དམངས་ཀྱིས་ཐུན་མོང་མིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་གཟི་འོད་ལམ་ལམ་འབར་བའི་བོད་ཀྱི་རིག་གནས་གསར་དུ་བསྐྲུན་པས། ཀྲུང་ཧྭ་རིག་གནས་བྱུང་བ་དང༌། འཕེལ་བ། དར་བ་ལ་བླ་ན་མེད་པའི་མཛད་རྗེས་བཞག་ཅིང༌། ཀྲུང་ཧྭ་རིག་གནས་ཀྱི་བང་མཛོད་བསགས་སྲུང་སྤེལ་བའི་བྱེད་པོ་ཟླ་མེད་ཅིག་ཏུ་གྱུར་ལ། འཛམ་གླིང་རིག་གནས་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་སུ་བཀྲ་བའི་ཆ་ལ་རླབས་ཆེ་བའི་ཕྱག་རིས་བཞག་པའི་ཕྱིར་རོ།།
དུས་རབས་ཉེར་གཅིག་པ་ནི་སྒོ་ཀུན་ནས་འཛམ་གླིང་རང་བཞིན་གྱི་ཆ་མགྱོགས་མྱུར་གྱིས་འཕེལ་བཞིན་པའི་དུས་རབས་ཤིག་ཡིན་པའི་ཕྱིར་ན། སྤྱི་ཚོགས་ཧྲིལ་གྱིས་མདུན་དུ་བསྐྱོད་ཅིང༌། མི་རིགས་གཞི་ནས་གོང་དུ་འཕེལ་ཞིང༌། རིག་གནས་ཀྱང་སྦྲུལ་ཤུན་བརྗེ་བ་ལྟར་འགྱུར་བཞིན་འདུག་གོ། དེ་ཡང༌། སྤྱི་ཚོགས་མདུན་བསྐྱོད་ཀྱི་དབང་གིས། འཛམ་གླིང་སྟེང་གི་མི་རིགས་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་མང་དང་དམ་པོར་གྱུར་ཅིང༌། མི་རིགས་འཕེལ་རྒྱས་སུ་སོང་བའི་དབང་གིས། མི་རིགས་སོ་སོའི་རིག་གནས་ཕན་ཚུན་གྱི་ལེགས་ཆ་ལེན་རེས་དང་ཤན་ཤུགས་ལ་བརྟེན་ནས་རྒྱུན་ཆད་མེད་པར་དར་རྒྱས་སུ་འགྲོ་བ་དང༌། མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་བརྗེ་རེས་དང་གེགས་མེད་ལྷུག་པར་གྲོལ་བའི་སྤྱི་ཚོགས་གནས་བབ་ཀྱི་མཐུན་རྐྱེན་ལ་བརྟེན་ནས་དུས་རབས་གསར་བའི་ཁྲུས་གསོལ་ཐོབ་བཞིན་པའི་ཕྱིར་ན། སྐྱེས་པ་དང་ལྷན་ཅིག་པ་དང༌། ཕ་ས་མ་ཡུལ་གྱི་རིག་གནས་མ་ཕྱི་དེ་ག་རང་ཉམས་དམས་སུ་འགྲོ་བཞིན་པའོ།། དེའི་རྐྱེན་གྱིས་རིག་གནས་འཛམ་གླིང་རང་བཞིན་གྱི་ཆོས་སུ་འགྱུར་བཞིན་པའི་དེང་གི་དུས་འདིར། མི་རྣམས་ཀྱིས་རིག་གནས་སྣ་མང་རང་བཞིན་གྱི་ཆ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ་རིག་གནས་ཀྱི་མི་རིགས་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། རིག་གནས་སྣ་མང་བ་དང་འཛམ་གླིང་གི་རང་བཞིན་ལྡན་པའི་གཞི་གཉིས་འགལ་མེད་ལྷན་ཅིག་གནས་པ་དང༌། ཕན་ཚུན་ལེགས་ཆ་བརྗེ་རེས་བྱེད་པའི་དམིགས་འབེན་འགྲུབ་པར་བྱེད་པ་སྟེ། མིའི་རིགས་ཡོངས་ཀྱི་རིག་གནས་ཀྱིས་རང་ཉིད་ལ་སྟོབས་བསྐྱེད་པ་དང་ཕུན་སུམ་ཚོགས་པར་བྱ་དགོས་པའི་ཕྱོགས་ལ་གོ་བར་གསར་དུ་རྙེད་བཞིན་འདུག་གོ།
གཉིས་པ། རིག་གནས་ཞེས་པའི་དོན་སྤྱིའི་གོ་བའི་བརྟག་ཞིབ།
མི་རིགས་དང་རིག་གནས་གཉིས་ཀྱི་འབྲེལ་བར་བརྟག་ཞིབ་བྱ་བའི་ཐོག་མ་ཁོ་ནར་རིག་གནས་ཞེས་པའི་དོན་སྤྱི་འཇོག་མཚམས་དང་དེའི་སྒྲ་དོན་བཤད་འཇུག་ཐད་ཀྱི་བགྲོད་ལམ་ལ་བརྟག་གཞིགས་ཅུང་ཟད་རེ་བྱེད་དགོས།
གནའ་རབས་ཀྲུང་གོའི་རྒྱ་ཡིག་གི་རིག་གནས་ཞེས་པའི་ཐ་སྙད་དེའི་ཐོག་མའི་དོན་ནི་རིག་པས་སྐྱོང་ཞིང་བསྒྱུར་པ་ལ་གོ་བས་དེ་ལ་བསྒྱུར་ཞིང་འདུལ་བའི་དོན་ཡོད། དེས་ན་ཀྲུང་གོའི་རིག་གནས་མགོ་བརྩམས་མ་ཐག་པ་ནས་བཟུང་གཙོ་བོ་བསམ་པ་དང་མི་ཆོས་ཀྱི་ཆ་ལ་ཁ་ཕྱོགས་པར་གྱུར་པའོ།། དེང་རབས་ཀྲུང་གོའི་རྒྱ་ཡིག་གི་སྐད་ཀྱི་རིག་གནས་ཞེས་པའི་ཐ་སྙད་དེ་ནི་དུས་རབས་བཅུ་དགུ་བ་ལ་འཇར་པན་གྱི་ཡི་གེ་ལས་འགྱུར་བའོ།། ནུབ་གླིང་མི་རིགས་ཀྱི་སྐད་ཡིག་གི་མ་ལག་ནང་དུ་རིག་གནས་ཞེས་པའི་ཐ་སྙད་དེ་ཆེས་ཐོག་མར་ལ་ཏིང་ཡི་གེ(cultura)ཞེས་པ་འདི་ལས་བྱུང༌། དེའི་དོན་ནི་སོ་ནམས། སྦྱང་བ། ཉམས་འཇོག་སོགས་དོན་མང་བོར་འཇུག་གོ། རྗེས་ནས་དེ་ལས་འཕྲོས་ཏེ་མིའི་གཤིས་རྒྱུད་གསོ་སྦྱོང་དང་སྒོ་གསུམ་གྱི་སྤྱོད་པའི་བློ་སྦྱོང་ལའང་གོ་བའོ།། དེ་ཕྱིར་དེའི་དོན་ལ་མིའི་རིགས་ཀྱི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ཀྱི་ཆ་གཉིས་ཀ་འདུ་བའོ།། དེ་ན་འདིའི་ཐད་ནས་བལྟས་ན་ནུབ་གླིང་བའི་རིག་གནས་ཞེས་པའི་ཐ་སྙད་དེའི་ནང་དོན་ཀྲུང་གོའི་གནའ་རབས་ཀྱི་རིག་གནས་ཞེས་པའི་དོན་གྱི་གོ་བ་ལས་རྒྱ་ཆེའོ།།
བོད་སྐད་ཡིག་གི་རིག་གནས་ཞེས་པའི་ཐ་སྙད་དེ་ཡང་སྔ་མོ་ཞིག་ནས་བྱུང་བ་ཡིན་ཏེ། ཕལ་ཆེར་གནའ་བོའི་རྒྱ་གར་གྱི་རིག་གནས་བོད་དུ་འགྱུར་བ་ནས་མགོ་བརྩམས་ཏེ་རིམ་གྱིས་བཅུ་ཕྲག་རིག་གནས་ཞེས་པའི་ཐ་སྙད་འདི་ཆགས་པ་ཡིན་འདུག དེའི་དོན་ཐད་ཀར་རྒྱ་ནག་གི་སྐད་དུ་བསྒྱུར་ན་ ལྃཕི ཞེས་པར་གྱུར། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅུ་ཕྲག་རིག་གནས་ཞེས་པའི་གྲགས་སྙན་འབར་བ་དེ་ནི་རིག་གནས་ཆེ་བ་ལྔ་སྟེ། སྒྲ་རིག་པ་དང༌། ཚད་མ་རིག་པ། བཟོ་རིག་པ། གསོ་རིག་པ། ནང་དོན་རིག་པའོ།། ཆུང་བ་ལྔ་ནི། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་དང་སྐར་རྩིས་བཅས་སོ།། སྤྱིར་བཏང་བོད་ཀྱི་རིག་གནས་ཞེས་པ། བཅུ་ཕྲག་རིག་གནས་ལ་གོ་ཞིང༌། ལྷག་པར་བོད་བརྒྱུད་ནང་བསྟན་དགོན་སྡེའི་སློབ་གསོ་ཐོབ་པ་ཤུགས་ཆེ་བ་འགའ་རེ་དང་བཅུ་ཕྲག་རིག་གནས་ལ་སྦྱང་བ་ཕྲ་བའི་གཞོན་ཞུགས་འགའ་རེའི་བློ་ངོར་དེ་ཁོ་ནར་འཆར་བར་འདུག་གོ། དེ་ནི་བཅུ་ཕྲག་རིག་གནས་ཀྱི་གོ་བ་རང་ཉམས་ཁབ་ཀྱི་བུ་ག་ལྟ་བུར་སྣ་འཁྱིལ་བའི་གཞན་དབང་ལས་མ་འདས་སོ།། དོན་ལ་ང་ཚོས་ད་ལྟ་བོད་ཀྱི་རིག་གནས་ཞེས་པའི་དོན་གྱི་གོ་བ་ནི་རིག་གནས་རིག་པ་ལ་བརྟེན་པའི་གཞུང་ལུགས་སྤྱིའི་ཆ་ལ་འཇོག་པ་ལྟར་དེ་ཐམས་ཅད་བཅུ་ཕྲག་རིག་པའི་གཙོ་འཁོར་ཡན་ལག་གི་ཆ་ལ་འུབ་ཀྱིས་འདུ་བར་གོ་བ་ནི་མཁས་པའི་དགོངས་བཞེད་རྨ་མེད་པའོ།།
རིག་གནས་ཞེས་པ་དེ་ནང་དོན་ཁྱབ་རྒྱ་ཆེ་ཞིང་འཕྲོས་དོན་རབ་ཏུ་ཡངས་པའི་དོན་སྤྱིའི་གོ་བ་ལྡན་པའི་ཐ་སྙད་ཅིག་ཡིན་པར་མཁས་པ་རྣམས་ཀྱིས་བཞེད་དེ། སྤྱི་ལོ་༡༨༧༩ལོར། དབྱིན་ཇིའི་མི་རིགས་ཀྱི་རིག་གནས་རིག་པ་སྨྲ་བ་ཐེད་ལེས་བརྩམས་པའི་གདོད་མའི་རིག་གནས་ཞེས་པར། རིག་གནས་ཞེས་པ་དེ་སྒོ་སོ་སོར་སྦྱར་ན་གནད་འདུས་ལ་ཟུར་ཆོད་པའི་འགྲེལ་བ་བྱས་པ་ནི།དེ་ལས། རིག་གནས་ཞེས་པ་ཤེས་རིག་ཐམས་ཅད་དང༌། དད་མོས། སྒྱུ་རྩལ། ཀུན་སྤྱོད། བཅའ་ཁྲིམས། ཡུལ་སྲོལ། སྤྱི་ཚོགས་ཀྱི་གྲུབ་ཆར་གྱུར་པའི་མི་རྣམས་ཀྱིས་ཁོང་དུ་ཆུད་དགོས་པའི་རིགས་དང་དུ་ལེན་དགོས་པའི་ནུས་སྟོབས་དང་གོམས་སྲོལ་གཞན་ཐམས་ཅད་དང་བཅས་པའི་འདུས་སྤྱི་ཞིག་ཡིན་ཞེས་བསྟན། ཐེད་ལེས་བཞག་པའི་རིག་གནས་ཀྱི་གོ་དོན་དེ་ནི་རིག་གཞུང་སྨྲ་བས་ཐེངས་དང་པོར་རིག་གནས་ལ་སྤྱིའི་ཆ་ནས་དོན་སྤྱི་ཞིག་གཏན་འབེབ་བྱས་པས་དེའི་ཤན་ཤུགས་ཆེ་ལ་གཏིང་ཟབ་པ་ཡིན་ཏེ། དེའི་རྗེས་ཀྱི་སྤྱི་ཚོགས་ཚན་རིག་སྨྲ་བ་མང་བོ་དང་ལྷག་པར་དམངས་སྲོལ་རིག་པ་སྨྲ་པ་དང་མིའི་རིགས་ཀྱི་རིག་གནས་རིག་པ་སྨྲ་བ་རྣམས་ཀྱིས་རིག་གནས་སྣང་ཚུལ་འཆད་པ་ལ། རིག་གནས་ཞེས་པའི་དོན་སྤྱིའི་ཁྱབ་བྱ་གཏན་ལ་འབེབ་པར་རྩ་བའི་ཁྱབ་ཁོངས་དང་སྤྱིའི་ཁོག་ཙམ་བསྟན་པའོ།།
མིའི་རིགས་རིག་པ་སྨྲ་བ་རྣམས་ཀྱིས་དུས་རབས་གཅིག་ལྷག་གི་རིང་ལ་བརྟག་ཞིབ་དང་ཞིབ་འཇུག་བྱས་པར་བརྟེན། ད་ལྟ་མི་རིགས་རིག་པར་བགྲོ་གླེང་བྱེད་བཞིན་པའི་རིག་གནས་ཞེས་པའི་ཐ་སྙད་འདིའི་མཚན་ཉིད་འདི་ག་རང་བཀོལ་ནས་དེས་འཆད་བཞིན་འདུག་སྟེ། རིག་གནས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཚོགས་པ་(འདིར་མི་རིགས་ལ་གོ)བྱེ་བྲག་པའི་འཚོ་སྡོད་དང༌། འཕེལ་རྒྱས་སུ་འགྲོ་བ་རྒྱུན་ཆགས་རྟག་བརྟན་དུ་གནས་བྱེད་དང༌། ཚོགས་པ་དེ་གའི་མི་སྣ་ཚང་མས་མི་རབས་ནས་མི་རབས་སུ་རྒྱུན་བསྲིངས་པར་བརྟེན་རིམ་གྱིས་གསོག་འཇོག་དང་གཏན་ཁེལ་རྒྱུན་ཆགས་སུ་གྱུར་བའི་རྣམ་པར་ཚུགས་པ་དང་ཆབ་ཅིག་སྦྱང་བྱུང་སྦྱངས་སྟོབས་ཀྱིས་རྒྱུན་མཐུད་དང་རྒྱ་ཆེར་བསྐྱེད་པའི་ལྟོས་བཅས་ཀྱི་སྒོ་ནས་བཤད་ན་བརྟན་འཇགས་ཡིན་ལ་རང་རྐྱ་ཕེར་ལ་ཆ་ཚང་བའི་ཚད་ལྡན་གྱི་སྤྱི་ཞིག་ཡིན་ནོ།། ཞེས་སྨྲ།
རྒྱལ་ནང་གི་རིག་པ་སྨྲ་བ་རྣམས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ཀྱི་ངོ་བོ་དང་མིའི་འཕེལ་རྒྱས་གཅིག་གྱུར་གྱི་སྒོ་ནས་གོ་བ་ལེན་གྱིན་འདུག་སྟེ། རིག་གནས་ཀྱི་ངོ་བོ་ནི་མིའི་ཆོས་སུ་གྱུར་བའི་ཆ་ནས་བཞག་པ་སྟེ། མིའི་རིགས་ཀྱིས་རང་བྱུང་ཁམས་བཅོས་བསྒྱུར་དང༌། མིའི་སྤྱོད་ལམ་དང༌། འཚོ་བ་རོལ་སྟངས། མིའི་ཆོས་ཅན་དུ་གྱུར་བའི་རྣམ་པ་དང་བཅས་པའི་བྱ་བ་ཁྱད་པར་བ་ཞིག་ཡིན་པར་སྨྲ། སྤྱིར་རིག་གནས་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་བ་གཉིས་ཡོད་དེ། སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་དེའི་དོན་ནི་རིག་གནས་ཏེ་མིའི་ཆོས་སུ་གྱུར་པའི་ཆ་དེས་ཚུར་ལ་རྣམ་པ་གཏད་པ་ནི་ལོ་རྒྱུས་རིམ་གྱིས་འཕེལ་བའི་བརྒྱུད་རིམ་ལ་མིའི་རིགས་ཀྱི་དངོས་པོ་དང་བསམ་པའི་ནུས་སྟོབས་སླེབས་སའི་ཚད་དང་རྣམ་པ་ལ་བྱའོ།། སྒྲ་དོག་འཇུག་གི་དབང་དུ་བྱས་པའི་དེའི་དོན་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འདྲ་མིན་གནས་སྟངས་གཙོ་བྱས་པའི་ནང་དོན་ལྡན་པའི་ལྟ་གྲུབ་ཀྱི་མ་ལག་ལ་ཟེར་རོ།། སྔ་མའི་དབང་དུ་བྱས་པའི་རིག་གནས་ལ་མིའི་ཆོས་དང་ལྡན་པའི་རྣམ་པ་དང༌། སྤྱི་ཚོགས་ཀྱི་རང་བཞིན་དང་སྣ་མང་རང་བཞིན་སོགས་ཁྱད་ཆོས་ཡོད་དོ།། དེའི་རྩོམ་གཞིར་གྱུར་པའི་ཆ་ལ་རིམ་པ་མང་བོའི་སྒོ་ནས་དབྱེ་ཞིབ་བྱས་ཆོག་གོ །
རིག་གནས་ཀྱི་མཚན་ཉིད་ལ་གོ་བ་ལེན་ཚུལ་མི་འདྲ་བ་ཇི་འདྲ་མཆིས་ཀྱང༌། རིག་གནས་དེའི་དོན་གང་ལ་བསྐོར་ནས་བཤད་ཀྱང་མཐར་གཏུགས་ན་དེའི་སྙིང་བོའམ་གནད་འབབ་ས་མི་ཡིན་པའི་གནད་འགག་དེ་ཉིད་གསལ་བོར་ཤེས་ཐུབ་བོ།།མི་དང་རིག་གནས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པས་མིས་རིག་གནས་གསར་དུ་བསྐྲུན་ཐུབ་ལ། རིག་གནས་ནི་མིའི་རིགས་ལ་སེམས་ཅན་གཞན་ལ་མེད་པའི་གསར་གཏོད་བྱེད་པའི་ནུས་པ་ཡོད་པ་གོ་བྱེད་དམ་མཚོན་བྱེད་ཡིན་ཞིང༌། དེ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་ཀྱང་ཡིན་ནོ།། དེས་ན་རིགས་རྒྱུད་དང་མི་རིགས་ཐ་དད་པ་རྣམས་ཀྱི་རིག་གནས་ཀྱི་རྣམ་གཞག་ཐ་དད་པ་བཟོ་བསྐྲུན་བྱས་སོ། ། དེ་ཡང་རིག་གནས་དེ་ཉིད་མི་རིགས་རིག་པ་ལྟར་ན་མི་རིགས་སོ་སོའི་མི་རྣམས་ཀྱིས་ངེས་པར་དུ་ཁོང་དུ་ཆུད་དགོས་པའི་རིག་གནས་ཤིག་ཡིན་པར་སྨྲ་ཞིང༌། མི་རྣམས་ཀྱིས་སྦྱངས་བྱུང་སྦྱིངས་སྟོབས་ཀྱི་རིག་གནས་ཐ་དད་པའི་དབང་གིས་མི་རིགས་ཐ་དད་པར་གྲུབ་པ་ཡིན་ནོ།། འདི་ནི་ཕྱི་རོལ་དོན་ལ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ལ། དེ་དང་འདྲ་བར་མི་རེ་རེ་ནས་རིག་གནས་ཤིག་ངེས་པར་དུ་ཁོང་དུ་ཆུད་པར་བྱེད་པ་ལ་རང་ཉིད་གང་དུ་གཏོགས་པའི་མི་རིགས་དེའི་གྲལ་དུ་རང་ཉིད་ཞུགས་དགོས་པ་དེ་ཡང་དོན་ལ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ནོ།། དེ་གཉིས་ཀ་མིའི་འདུན་མོས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རང་དབང་བ་ནི་མ་ཡིན་ནོ།། དེའི་ཕྱིར་སྤྱི་ཚོགས་ཐོག་ན་མི་རིགས་གང་དུའང་འཇོག་མི་ནུས་པའི་མི་ཞིག་གཞི་མ་གྲུབ་ལ། མི་ཐམས་ཅད་ལ་རང་ཉིད་གང་དུ་འཇོག་སའི་མི་རིགས་ཤིག་ཡོད་ཅིང༌། རང་ཉིད་ཀྱི་མེས་པོའི་ཁབ་རེ་ཡོད་དོ།། དེ་ནི་རིག་གནས་ཀྱི་དོན་ལ་གྲུབ་པའི་མི་རིགས་རང་བཞིན་གྱི་འབབ་ས་རེ་ཡོད་པའི་རང་བཞིན་གྱིས་གཏན་འབེབ་བྱས་པ་ཡིན་ནོ།།
གསུམ་པ། མི་རིགས་དང་རིག་གནས།
མི་རིགས་ཞེས་པའི་ཐ་སྙད་འདི་ང་ཚོས་རྒྱུན་དུ་གླེང་བཞིན་པ་དང་བཀོལ་བཞིན་འདུག་ལ། མི་རེ་རེ་ལ་རང་ཉིད་གར་གཏོགས་པའི་མི་རིགས་དང་མི་རིགས་ཀྱི་རིག་གནས་རེ་འཇོག་རྒྱུ་ཡོད་དོ།། དེས་ན་མི་རིགས་ཞེས་པའི་དོན་གང་ཡིན་ཐད་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་ཕལ་མོ་ཆེས་ཐུན་མོང་དུ་ཁས་ལེན་པ་ནི་སི་ཏ་ལིན་གྱི་མི་རིགས་ཀྱི་མཚན་ཉིད་ཡིན་ཏེ། དེ་ཡིས། མི་རིགས་ནི་མིའི་ལོ་རྒྱུས་སྟེང་གྲུབ་པའི་ཐུན་མོང་གི་སྐད་ཆ། ཐུན་མོང་གི་ས་གནས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ལ་བརྟེན་ནས་མངོན་པར་གྱུར་པའི་ཐུན་མོང་གི་སེམས་ཁམས་རྒྱུ་སྤུས་དང་བཅས་པའི་རྩ་བའི་ཁྱད་ཆོས་བཞི་དང་གཏན་འཇགས་ཀྱི་རིགས་སྤྱི་ཞིག་ལ་བྱའོ།། ཞེས་བཤད། མཚན་ཉིད་འདིས་བསྟན་པའི་ཐུན་མོང་གི་རིག་གནས་ཁྱད་ཆོས་ལ་བརྟེན་ནས་མངོན་པར་གྱུར་པའི་ཐུན་མོང་གི་སེམས་ཁམས་རྒྱུ་སྤུས་ཞེས་པ་དེས་མི་རིགས་ནི་རིག་གནས་ཀྱི་རྒྱུད་འཛིན་བྱེད་པ་པོ་དངོས་ཡིན་པ་གསལ་བོར་བསྟན་ནོ།།
མཚན་ཉིད་དེར་བརྟེན་ནས་རིག་གནས་ནི་མི་རིགས་ཀྱི་ཁྱད་པར་འབྱེད་ཆོས་གཙོ་བོ་ཞིག་ཡིན་པར་གོ་ཐུབ། དེའི་རྒྱུ་མཚན་ནི་རིག་གནས་མིའི་རིགས་ཀྱིས་བཟོས་པ་ཡིན་ལ། དེ་དང་ཆབས་ཅིག་རིག་གནས་དེས་སླར་ཡང་མིའི་རིགས་རང་ཉིད་ལ་ཁ་ལོ་བསྒྱུར་བ་དང་བཟོ་སྐྲུན་བྱེད་པའང་ཡིན། རིག་གནས་ཡོན་ཏན་འཕེལ་འགྱུར་གྱི་བརྒྱུད་རིམ་ལ་བརྟེན་ནས། འཛམ་གླིང་ཐོག་ས་གནས་དང་རྒྱལ་ཁབ་མི་འདྲ་བའི་མི་རིགས་དེ་དག་གིས་རང་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་གསར་བཟོ་བྱས་ཏེ་ཆ་འདྲ་བའམ་ཡང་ན་ཤིན་ཏུ་ཐ་དད་པའི་མི་རིགས་ཀྱི་བསམ་པ་ཆགས་སོ། ། མི་རིགས་ཤིག་གི་རིག་གནས་དེ་ཉིད་འཇིག་རྟེན་བྱེད་པོ་ལྟ་བུ་ཞིག་གིས་ཐུགས་རྗེས་སུ་བསྩལ་བ་མ་ཡིན་ལ། ལྟོས་མེད་ལྷན་སྐྱེས་ཀྱི་བག་ཆགས་ལྟ་བུ་སྔོན་སོང་གིས་བསྐྱེད་པའང་མ་ཡིན་པར་མི་རིགས་དེ་ཉིད་ས་གནས་ཁོར་ཡུག་ངེས་པ་ཞིག་ལ་བརྟེན་ནས་ཡུན་རིང་བོར་སྤྱི་ཚོགས་འཚོ་བའི་མྱོང་བ་དངོས་ཀྱི་སྒོ་ནས་གསར་གཏོད་དང་གསོག་འཇོག་བྱས་ནས་གྲུབ་པ་ཡིན། མི་རིགས་ཀྱི་རིག་གནས་གསར་དུ་བྱུང་བ་དང༌། རིམ་གྱིས་འགྱུར་བ། མི་རིགས་ཀྱི་རིག་གནས་འདྲ་མིན་ཐ་དད་རང་བཞིན་བཅས་ནི། མི་རིགས་རང་གི་རིག་གནས་ཀྱི་སྐྱེ་ཁམས་ལ་འབྲེལ་བ་ཟབ་མོ་ཡོད། རིག་གནས་སྐྱེ་ཁམས་དེ་ཡང་གང་བྱ་བའི་དངོས་པོའི་ལོངས་སྤྱོད་ཐོན་སྐྱེད་བྱེད་སྟངས་དང་གང་བཙུགས་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱི་རྣམ་པ་ལ་སྲོག་དང་རྣམ་ཤེས་ལྟ་བུའི་འབྲེལ་བ་གྲུབ་འདུག ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མིའི་རིགས་ཀྱིས་རིག་གནས་མ་ཕྱི་ཆ་ཀུན་ནས་རིགས་གཅིག་ཡིན་པ་ཞིག་གསར་གཏོད་བྱེད་མི་སྲིད་ལ། མིའི་རིགས་ཀྱིས་བཟོས་པའི་རིག་གནས་དང་མ་ཕྱི་ཐ་དད་པའི་རིག་གནས་དེ་ཡིས་མི་རིགས་ཤིག་གསར་དུ་སྐྲུན་པར་བྱེད་དོ།།ཡང་གཅིག་བཤད་ན། མི་རིགས་སོ་སོའི་རིག་གནས་གསར་གཏོད་བྱེད་པའི་ཕྱི་ནང་གི་ཁོར་ཡུག་དང༌། རྣམ་པ། ཐབས་བཀོད་ཐ་དད་པའི་དབང་གིས་གསར་གཏོད་བྱས་པའི་རིག་གནས་དེ་དག་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་མཆིས་སོ།། ཁྱད་ཆོས་དེ་དག་ཀྱང་མི་རིགས་སོ་སོའི་རིག་གནས་ཀྱི་དངོས་པའི་ཆ་དང་བསམ་པའི་ཆར་གྱུར་པའི་ཕྱོགས་སོ་སོ་ནས་མཚོན་པར་བྱེད་ཅིང༌། ལྟོས་ས་ལྟོས་འཇོག་གི་སྒོ་ནས་གཏན་ཆགས་སུ་གནས་པའི་དངོས་པོའི་ལོངས་སྤྱོད་ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་ཐབས། སྤྱོད་ལམ་གྱི་ཚད་གཞི། སྤྱི་ཚོགས་སྒྲིག་གཞི། འཚོ་བའི་གོམས་སྲོལ། སྐད་ཆ་དང་བསམ་གཞིགས་བྱེད་སྟངས། རིན་ཐང་དང་ལེན་བྱེད་ཕྱོགས་དང་བཅས་པ་སོགས་ཆགས་པ་དང་དེ་དག་ལ་ཤན་ཤུགས་ཐེབས་པར་འགྱུར་རོ།།རྒྱུན་གྱི་སྒོ་ནས་གཏན་འཇགས་ཀྱི་ཁྱད་ཆོས་ལྡན་པ་འདིས་ད་གཟོད་ཁྱད་ཆོས་མི་འདྲ་བའི་མི་རིགས་འདི་བཟོས་པ་ཡིན་ནོ།།
མི་རིགས་ཤིག་མི་རིགས་གཞན་ཞིག་དང་ཐ་དད་པར་འཇོག་བྱེད་ཀྱི་རྩ་བའི་མཚོན་བྱེད་ནི་རང་རང་ལ་ཐུན་མིན་གྱི་མི་རིགས་ཀྱི་རིག་གནས་ཤིག་ཆགས་ཡོད་པ་དེ་ཡིན་ནོ།། ཅུང་ཟད་གཏན་འཇགས་ཡིན་པར་མ་ཟད་ཁྱད་ཆོས་ལྡན་པའི་རིག་གནས་འདི་རིགས་ལྷག་ལུས་མེད་པར་མི་རིགས་འདི་ཉིད་ཀྱི་མི་ཡོངས་ཀྱི་འཚོ་བ་དངོས་དང༌། བསམ་གཞིགས་བྱེད་སྟངས་སོགས་ཀྱི་དངོས་ཤུགས་ཅི་རིགས་ནས་མངོན་པར་འགྱུར་བ་ཕུད། མི་རིགས་དེས་གསར་བཟོ་བྱས་པའི་དངོས་པོའི་ཐོན་རྫས་དང་བསམ་པའི་ལོངས་སྤྱོད་སོགས་ཀྱི་ཆ་ནས་ཀྱང་གསལ་བོར་མངོན་པར་འགྱུར་བ་དང་ཆབ་ཅིག་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པའི་མི་རིགས་ཀྱི་རིག་གནས་འདི་དག་རྣམ་པ་མི་འདྲ་བ་ཙམ་མ་གཏོགས་རྒྱུན་ཆགས་ཀྱི་སྒོ་ནས་མི་རིགས་དེའི་མི་རབས་ནས་མི་རབས་སུ་བརྒྱུད་པ་བར་ཆད་པར་འགྱུར་ཞིང༌། དེ་ཡང་གསར་རྙིང་གི་ལེགས་ཆ་ལེན་རེས་དང༌། ཕན་ཚུན་ཤན་བརྡེག་བཞིན་མི་རིགས་རང་ཉིད་ཀྱི་རིག་གནས་སྲོལ་རྒྱུན་ཞིག་གྲུབ་པར་འགྱུར་རོ།། མི་རིགས་རང་ཉིད་མེད་ན་མི་རིགས་དེའི་རིག་གནས་ཀྱང་ཤི་བའི་རོ་དང་འདྲ་བར་འགྱུར་བའི་ཕྱིར། རིག་གནས་ལ་རྣམ་པ་གསལ་བའི་མི་རིགས་རང་བཞིན་ལྡན་ལ། མི་རིགས་དེ་ཉིད་མི་རིགས་ཀྱི་རིག་གནས་ལ་བལྟས་ནས་བཤད་ན། རིག་གནས་ཀྱི་རྟེན་གཞིའམ་འདེགས་རྟེན་ཡིན་ལ་གཞི་དངོས་ཀྱང་ཡིན་ནོ།།
《བླ་སྲོག 》ལས། |