|
སྟག་ཚང་དཔལ་འབྱོར་བཟང་པོའི་མཛད་པའི《རྒྱ་བོད་ཡིག་ཚང》དང་། ལོ་རྒྱུས་དེབ་ཐེར་གསར་པ《གཡུ་ཡི་ཕྲེང་བ》སོགས་སུ་གསལ་བ་ལྟར་ན། ཧོར་ཇིང་གིར་རྒྱལ་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཁམས་གཅིག་གྱུར་བྱུང་བའི་རྗེས་སུ་བོད་དུ་ས་རྩི། དུད་བགྲང་བྱས། རབ་བྱུང་བཞི་པའི་ལྕགས་སྤྲེལ་སྤྱི་ལོ༡༢༦༠ལོར་མི་ཆེན་དར་སྨན་གྱིས་བོད་ཆོལ་ཁ་གསུམ་ལ་འཇའ་མོ་འཛུགས་སྐབས་ས་འཇལ་དུད་བགྲང་ཐེངས་གཅིག་བྱས་པ་དང་། རབ་བྱུང་ལྔ་བའི་ས་འབྲུག་སྤྱི་ལོ༡༢༦༨ལོར་སེ་ཆེན་གོང་མའི་ལུང་གིས་མངགས་པའི་དཔོན་ཆེན་ཨ་ཀོན་དང་། མི་ལིན་སོགས་ཀྱིས་ས་སྐྱའི་དཔོན་ཆེན་ཤྰཀྱ་བཟང་པོ་དང་མཉམ་འབྲེལ་བྱས་ཐོག བོད་དབུས་གཙང་མངའ་རིས་དང་བཅས་པ་ས་འཇལ་དུད་རྩིས་ཞིབ་ཆ་བྱས་ཏེ་ཁྲི་སྐོར་བཅུ་གསུམ་གྱི་ས་རིས་ཕྱེས་པ་ནི་ཐེངས་གཉིས་པ་དང་། རབ་བྱུང་ལྔ་བའི་མེ་ཕག་སྤྱི་ལོ༡༢༨༧ལོར་ཡོན་གོང་མས་མངགས་པའི་ཐོ་ཤུ་ཨ་བུ་གན་དང་། གེབ་ཆག་ཏའི་ཕེང་ཆང་སོགས་ཀྱིས་ས་སྐྱའི་དཔོན་ཆེན་གཞོན་ནུ་དབང་ཕྱུག་དང་མཉམ་དུ་ཐེམ་དུད་བསྐྱར་རྩིབ་ཞིབ་བཤེར་དང་། འཇའ་མོ་བསྐྱར་སྒྲིག་སོགས་བྱས་ཏེ《ཕྱེ་གསལ་ཆེན་མོ》ཞེས་པའི་དེབ་ཐེར་གསར་འགོད་བྱས་པ་ནི་ཐེངས་གསུམ་པ་ཡིན།

འདིར་ཐེམ་དུད་ཞིབ་བཤེར་བྱེད་པའི་སྐབས་ཀྱི་རྩིབ་གཞི་ཧོར་དུད་ཞེས་པ་ནི《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ》ལས། ཧོར་རྒྱལ་པོ་ཐོ་གན་ཐེ་མུར་རྒྱལ་སར་ཕེབས་ནས། ཐོ་ཞུ་ཨ་ན་ཁན་བྱ་བ་དང་། གེབ་ཆག་ཏའི་ཕེང་ཆང་མངགས་ནས། དབུས་དཔོན་ཆེན་གཞོན་ནུ་བསྐྱར་མའི་སྐབས། མི་རྩིས། དུད་བགྲངས། ཧོར་དུད་བཅས་པ་ན་འདི་ལྟར་སྣང་ངོ་།། ཁང་བ་ཀ་བ་དྲུག་གི་ཁྱོན་གཅིག་ཧོར་སོན་ཁལ་བཅུ་གཉིས་ཀྱི་ས། མི་བཟའ་མི་བུ་ཚ། བྲན་འཁོར་ཕོ་མོ་དང་བཅས་དྲུག ཕྱུགས་འགེལ་རྨོད་བཞོན་གསུམ(འགེབ་ནི་རྟ་བོང་དང་། རྨོད་ནི་མཛོ་གཡག་གླང་། བཞོན་ནི་བ་ཕྱུགས་མཛོ་མོ་སོགས་ལ་ཟེར།) ར་ལུག་མགོ་ཆེན་གཉིས་ལ། མགོ་སེ་ཉི་ཤུ་རྩ་བཞིར་ཡོད་པ། དེ་འདྲ་གཅིག་ལ་ཧོར་དུད་ཚང་གཅིག་ཧོར་དུད་ལྔ་བཅུ་རྟ་མགོ་གཅིག་དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་སྟོང་སྐོར་གཅིག དེ་བཅུ་ལ་ཁྲི་སྐོར་གཅིག ཁྲི་སྐོར་ལུགས་ཅན་ཚང་མ་ལ་ལྷ་སྡེ་སྐོར་བཞི་དང་། མི་སྡེ་སྟོང་དྲུག་དགོས་པ་ཡིན་འདུག ཁྲི་སྐོར་གཅིག་ལ་ཀླུ་གཅིག དེ་ལ་ཞིང་གཅིག་ཟེར་རོ།། འདི་བཞིན་བརྩིས་པའི་ཞིང་བཅུ་གཅིག་ཧོར་སེ་ཆེན་རྒྱལ་པོའི་དུས་སུ་མངའ་འོག་ཏུ་བཅུག་པ་ཡིན་འདུག་ཅིང་། ཞིང་གི་མིང་ནི། ཏའི་ཏུ་མཁར་ནང་ན། ཅོང་ཞི་ཞིང་། (ཀྲུང་ཧུའུ་ཞིང་)སྤྱི་སོ་ན་ཧོ་ནམ་ཞིང་། (ཧོ་ནན)ཞིང་པི་ཞིང་། (ལིང་སྦས་ཞིང) ཀས་ཟུའི་ཞིང་། (ཀན་སུའུ)སི་ཆོན་ཞིང་། (སི་ཁྲོན) གཡུ་ནམ་ཞིང་། (ཡུན་ནན་)ཁ་གྱང་སི་ཞིང་། (ཅང་ཤིས) གྱང་ཅའི་ཞིང་། (ཅང་ཀྲེའུ)གུ་རུམ་ཞིང་། ལེའོ་ཡང་ཞིང་། བོད་ཆོལ་ཁ་གསུམ་གྱིས་ཞིང་གཅིག་མ་ལོངས་ནའང་། བླ་མ་བཞུགས་གནས་དང་། སངས་རྒྱས་བསྟན་པ་དར་པའི་ས་ཕྱོགས་ཡིན་པས་ཞིང་གཅིག་ཏུ་བགྲངས་པས་བཅུ་གཅིག་ཡིན། ཞེས་གསུངས།
དེ་ཡང་ཁྲི་སྐོར་བཅུ་གསུམ་གྱི་མིང་འདྲེན་ཚུལ་མི་འདྲ་བ་རེ་ཟུང་ཡོད་པ་དང་། འདིར་དེ་དག་གསལ་རྟོགས་ཡོང་བའི་ཆེད་དུ་ས་སྐྱའི་དཔོན་ཆེན་ཤྰཀྱ་བཟང་པོའི་དེབ་ཐེར་ལས་གལ་ཆེ་བ་རགས་བསྡུས་ཙམ་ཞུ་བ་ལ། ཐོག་མར་གཙང་ཕྱོགས་ཀྱི་ཁྲ་སྐོར་དྲུག་གི་མིང་དང་སོ་སོའི་ཧོར་དུད་ཀྱི་གྲངས་འབོར་ནི།
༡.མངའ་རིས་མང་ཡུལ་ཁྲི་སྐོར(གཙོ་བོ་ད་ལྟའི་སྐྱིད་གྲོང་རྫོང་ཁོངས་སོགས)ལ་ཧོར་དུད༢༦༣༥དང་།
༢.ལ་སྟོད་ལྷོ་བའི་ཁྲི་སྐོར(གཙོ་བོ་ད་ལྟའི་དིང་རི་རྫོང་ཁོངས་སོགས)ལ་ཧོར་དུད༡༠༨༩དང་།
༣.ལ་སྟོད་བྱང་པའི་ཁྲི་སྐོར(གཙོ་བོ་ད་ལྟའི་ལྷ་རྩེ་དང་ངམ་རིང་རྫོང་ཁོངས་སོགས)ལ་ཧོར་དུད་༢༢༥༠དང་།
༤.ཆུ་མིག་ཁྲི་སྐོརཁད་ལྟའི་གཞིས་རྩེ་གྲོང་ཁྱེར་ཁོངས་རྒྱ་མཚོ་ཤར་དང་བྱེ་ལྕགས་སོགས)ལ་ཧོར་དུད༣༠༠༣དང་།
༥.ཞྰ་ལུ་ཁྲི་སྐོརཁགཞིས་རྩེ་ལྷོ་ངོས་དང་པ་འདུས་རྒྱལ་རྩེ་སོགས)ལ་ཧོར་དུད༣༨༩༢དང་།
༦.བྱང་འབྲོག་ཁྲི་སྐོར(གཙོ་བོ་ད་ལྟའི་རྣམ་གླིང་རྫོང་ཁོངས་དང་འབྲོག་ཁུལ)ལ་ཧོར་དུད༣༦༣༠བཅས་དང་།
དབུས་ཕྱོགས་ཀྱི་ཁྲི་སྐོར་དྲུག་གི་མིང་དང་ཧོར་དུད་ཀྱི་གྲངས་འབོར་ནི།
༡.འབྲི་གུང་བོད་འབྲོག་ཁྲི་སྐོར(ཁོངས་གཏོགས་ལྷོ་བྱང་གང་སར་ཡོད)ལ་ཧོར་དུད༣༦༣༠དང་།
༢.ཚལ་པ་ཁྲི་སྐོར(ལྟེ་གནས་ཚལ་གུང་ཐང་དང་ལྷ་ས་ཁོངས་གཏོགས་ལྷོ་ཁ་སོགས་གང་སར་ཡོད)ལ་ཧོར་དུད༣༧༠༢དང་།
༣.ཕག་གྲུའི་ཁྲི་སྐོར(ལྟེ་གནས་ད་ལྟའི་སྣེ་གདོང་རྫོང་དང་ཁོངས་གཏོགས་གང་སར་ཡོད)ལ་ཧོར་དུད༢༤༣༨དང་།
༤.གཡའ་བཟང་ཁྲི་སྐོར(ད་ལྟའི་ལྷུན་རྩེ་རྫོང་སོགས)ལ་ཧོར་དུད༣༠༠༠དང་།
༥.རྒྱ་མ་ཁྲི་སྐོར(ད་ལྟའི་མལ་གིང་དང་འོན་སོགས)ལ་ཧོར་དུད དང་།
༦.བྱ་ཡུལ་ཁྲི་སྐོར(ལྷོ་ཁ་བྱ་ཡུལ་ཁུལ་སོགས)ལ་ཧོར་དུད༢༩༥༠བཅས་ཡོད་པ་དང་།
དབུས་གཙང་གཉིས་ཀྱི་བར་ན་ཡོད་པའི་ཁྲི་སྐོར་གཅིག
ཡར་འབྲོག་ཁྲི་སྐོར(ད་ལྟའི་སྣ་དཀར་རྩེ་རྫོང་སོགས)ལ་ལེབ་བཅུ་དྲུག་ཧོར་དུད༧༥༠ཡོད་ཅེས་གསལ་བ་ལྟར་ཁྲི་སྐོར་བཅུ་གསུམ་སོ་སོ་ལའང་མངའ་ཁོངས་རྒྱ་ཁྱོན་ཆེ་ཆུང་ལ་ཁྱད་པར་ཆེན་པོ་ཡོད་པ་མཐོང་ཐུབ།
དེ་མིན་ཁྲི་སྐོར་གང་ལའང་མི་གཏོགས་པ་མང་དུ་ཡོད་པ་དཔེར་ན། སྟོད་མངའ་རིས་ཕྱོགས་སུ་བཙན་པོའི་རྒྱལ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ཐེམ་དུད༧༦༧དང་། གཙང་ཁུལ་དུ་ས་སྐྱའི་གཞུང་ལ་གཏོགས་པའི་ལྷ་སྡེ་༦༠༦དང་། ས་སྐྱ་ནང་པའི་དགེ་རུ་འབྲོག་པ་ཐེམ་དུད༩༣༠ལྷག་ཙམ་བཅས་ཡོད།
དབུས་ཁུལ་དུ་ཁྲིད་སྐོར་ལ་མི་གཏོགས་པ་བྱང་སྟག་ལུང་ཁོངས་ཐེམ་དུད༥༠༠དང་། ལྷོ་ཁ་མང་པོ་ཆེ་པ་ཐེམ་དུད༡༥༠དང་། འབྲུག་པ་ཐེམ་དུད༢༢༥དང་། དེ་མིན་བསམ་ཡས་ཡོགས་དབུས་ཕྱོགས་ལྷ་སྡེ་མི་སྡེ་ཁྱིམ་བསྡོམས་ཐེམ་དུད༡༢༢༠ཙམ་བཅས་ཡོད་ཅེས་གསལ་བ་དེ་དག་ཞིབ་པར་རྒྱ་བོད་ཡིག་ཚང་ན་གསལ།
བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ལས་བཏུས། |