汉文主页

 

 

 
མཚོ་ལྷོའི་དམངས་སྲོལ་རོལ་རྩེད་ལས་བོད་ཀྱི་བཙིར་འགྱིག
 
 
རྩོམ་པ་པོ་མང་རའི་ལོ་ཡག རྩོམ་སྒྲིག་པ་བསེ་ཐར་འབུམ། དུས་ཚོད2009-9-14 15:42:36 ཡོང་ཁུངས་མཚོ་སྔོན་པོ་དྲ་བ།
  སྤྱིར་འགྱིག་ནི་མི་དམངས་མང་ཚོགས་ཀྱིས་གནའ་སྔ་མོའི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་བསམ་མནོའི་ནུས་རྩལ་ལ་རྟེན་ནས་གསར་སྐྲུན་བྱས་པ་ཡིན་ལ།    ལྷག་པར་དུ་དུས་ཡུན་རིང་བའི་དམག་འཁྲུག་གི་རྒྱལ་ཕམ་དང༌།  སྤྱི་ཚོགས་འཕེལ་འགྱུར་གྱི་གོ་རིམ་སོགས་བརྒྱུད་ནས་འཐུས་ཚང་དུ་གྱུར་བ་ཞིག་ཡིན་པས་འགྱིག་ལ་རྣམ་གྲངས་ཧ་ཀྱང་ཅང་མང༌།   དེ་བཞིན་བོད་འགྱིག་ལ་མཚོན་ནའང་རྒྱལ་འགྱིག་དང༌།   བཙིར་འགྱིག   དགུ་འགྱིག    བདུན་འགྱིག    དྲུག་འགྱིག    འགྱིག་བོའུ་རྒྱག   འགྱིག་ཏ་ལེན།     འབངས་གྱེན་ཀྱི་འགྱིག་སོགས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྱིག་སྣ་ཐུན་སུམ་ཚོགས་པ་ཞིག་ཡོད་ལ།   དེ་དག་ལས་བདག་གིས་སྐབས་སུ་བརྗོད་པ་ནི་བོད་དམངས་ཁྲོད་ཀྱི་བཙིར་འགྱིག་ངོ་སྤྲོད་བྱ་རྒྱུ་དེ་ཡིན།
  གཅིག  བཙིར་འགྱིག་གི་ཁྱབ་ཁོངས།
  མཚོ་ལྷོའི་དམངས་སྲོལ་རོལ་རྩེད་ལས་བཙིར་འགྱིག་གི་ཁྱབ་ཁོངས་ནི་མཚོ་ལྷོ་ཁུལ་གྱི་ཀོས་ནན་རྫོང་དང༌།   ཐུན་ཏེ་རྫོང༌།  ཁྲི་ཀ་རྫོང༌།    གུང་ཧོ་རྫོང་གི་རོང་འབྲོག་ས་ཁུལ་ཡིན། གཙོ་བོ་ནི་ཀོས་ནན་རྫོང་གི་མང་ར་ཞང་དང༌།  གུང་ཧོ་རྫོང་གི་མཚོ་སྔོན་པོ་སོགས་ཡིན་མོད།  ད་ལྟ་ཐུན་ཏེ་རྫོང་དང༌།  གུང་ཧོ་རྫོང༌།  ཀོས་ནན་རྫོང་གི་ཐར་ཤུལ་ཞང༌།  མགོ་མང་ཞང་སོགས་ན་ལྔ་འགྱིག་གི་བཙིར་འགྱིག་འདེད་པ་ལས་དགུ་འགྱིག་གི་བཙིར་འགྱིག་འདེད་སྲོལ་ཕལ་ཆེར་ཉམས་འདུག  དགུ་འགྱིག་གི་འདེད་སྲོལ་ཙམ་མ་ཉམས་པའི་ཁྱབ་ཁོངས་གཙོ་བོ་ནི་ཀོས་ནན་རྫོང་གི་མང་ར་ཞང་དང་   གུང་ཧོ་རྫོང་གི་རྒྱ་ར་སྡེ་ཡིན།     ཡུལ་དེ་དག་ན་གཏེར་ཁའི་ཐོན་ཁུངས་མང་བོ་མེད་ཀྱང་མི་རིགས་སྲོལ་རྒྱུན་གྱི་རིག་གནས་སྟེ་འགྱིག་རིགས་དང༌།    མདའ་རྩེད།   བྱིས་པའི་རྩེད་མོ།    བོད་རིགས་དམངས་ཁྲོད་ཀྱི་གནའ་རབས་རོལ་ཆས་ཀྱི་དབྱངས་རྟ་སོགས་ཀྱང་མ་ཉམས་པར་གནས་ཡོད་པའི་མི་རིགས་སྲོལ་རྒྱུན་གྱི་རིག་གནས་སྣ་འཛོམ་ཀྱི་ཡུལ་གྲུ་གལ་ཆེན་ཞིག་ཡིན
  གཉིས།   བཙིར་འགྱིག་གི་དབྱེ་བ་བཤད་པ།
  བཙིར་འགྱིག་ལ་དགུ་འགྱིག་གི་བཙིར་འགྱིག་དང༌།   བདུན་འགྱིག་གི་བཙིར་འགྱིག   ལྔ་འགྱིག་གི་བཙིར་འགྱིག་གསུམ་དུ་དབྱེ།   དེང་སྐབས་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བ་ནི་ལྔ་འགྱིག་གི་བཙིར་འགྱིག་ཡིན་ཞིང་དགུ་འགྱིག་གི་བཙིར་འགྱིག་དང༌།   བདུན་འགྱིག་གི་བཙིར་འགྱིག་ནི་ཆེས་ཉུང་ཤས་ཡིན།  རྒྱུ་མཚན་ནི་དེ་གསུམ་གྱི་འདེད་སྟངས་འདྲའང་དགུ་འགྱིག་དང༌།   བདུན་འགྱིག་གི་བཙིར་འགྱིག་ལ་མཚོན་ན་འགྱིག་རྡེའུ་འཇོག་སའི་གནས་མང་བ་དང༌།  དེད་ན་འདེད་ཡུན་རིང་བས་དུས་ཡུན་ཐུང་ཐུང་གི་ནང་དུ་འགྱིག་བ་ཕན་ཚུན་བར་ལ་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དཀའ། དེ་ལྟར་དུས་ཚོད་སོགས་འགོར་འགྱངས་བཟོས་ན་རང་གིས་སྒྲུབ་དགོས་པའི་བྱ་བ་ལ་བར་ཆད་འབྱུང་བར་དོགས་ནས་དགུ་འགྱིག་གི་བཙིར་འགྱིག་ནི་ས་ཆ་མང་ཆེ་བ་ནས་འདེད་རྒྱུན་ཉམས་རྒུད་དུ་འགྱུར་བཞིན་ཡོད། ཡིན་ནའང་ད་དུང་ས་ཆ་རེ་གཉིས་ན་དགུ་འགྱིག་དང༌།     བདུན་འགྱིག་འདེད་པའི་རྒྱུན་ཙམ་འདུག   ལྔ་འགྱིག་གི་བཙིར་འགྱིག་ནི་དེ་ལས་ལྡོག་སྟེ་འགྱིག་རྡེའུ་འཇོག་སའི་གནས་ཉུང་ཞིང༌།   འདེད་པའི་དུས་ཡུན་ཐུང་ལ།    རྒྱལ་ཕམ་གྱི་དབྱེ་བ་འབྱེད་སླ་བས་འགྱིག་བ་རྣམས་ཀྱིས་ཁོམ་སྐབས་ཙམ་ཡོད་ན་འགྱིག་རྡེའུ་བཟུང་སྟེ་ཁ་རྒྱན་ལ་འགྱིག་འདེད་ན་གཉིས་དང་གསུམ་འདེད།  གཉིས་ཕམ་ན་གཞན་ལ་རྡེའུ་སྤྲོད།  ཟེར་བའི་དཔེ་བཞིན་འདེད་པའི་སྲོལ་ད་བར་དུ་ས་ཆ་མང་ཤས་ན་རྒྱུན་འཇགས་སུ་གནས་ཡོད།
གསུམ།   བཙིར་འགྱིག་གི་འགྱིག་རིས་གྲུབ་སྟངས་དང་དེའི་གནས་ངོ་སྤྲོད།
 (༡) ལྔ་འགྱིག་གི་འགྱིག་རིས་གྲུབ་སྟངས།

  ལྔ་འགྱིག་ནི་དྲང་ཐིག་༡༠དང༌།   དགུ་འགྱིག་དང༌།    བདུན་འགྱིག་ལས་ཉུང་བའི་གསེག་ཐིག་རིང་ཐུང་མི་འདྲ་བ་༡༤བསྣོལ་བའི་གནས་༤༡དང༌།      ཚིགས་ མང་༩།    སྐོང་༡༦།   རྩེ་མོ་༤།  དཔུང་ཁ་༨། ཉག་ཁ་༤བཅས་ཀྱིས་གྲུབ་པ་ཡིན་ཞིང༌།བོད་རིགས་དམངས་ཁྲོད་ཀྱི་འགྱིག་རིགས་ཁྲོད་འདེད་སྟངས་གཞུང་ལུགས་ལྡན་པའི་འགྱིག་རིགས་ཞིག་ཡིན། 
  (༢ ) འགྱིག་རིས་གནས་ངོ་སྤྲོད།       
   ༡ རྩེ་དང༌།   ༢ དཔུང་ཁ།   ༣ དཔུང་བ།   ༤ ཉག་སྟེང༌།   ༥ ཉག་ཁ།   ༦ མཐའ་བོའུ།       ༧ གྲུ་བཞི་མའི་རྩེ་བཞི་ཁ་སྤྲོད་དུ་བསྣོལ་བའི་གསེག་ཐིག་དེ་ལ་དགུ་བོའུ།     ༨ གྲུ་བཞི་མ་ཆུང་བའི་ནང་དུ་དྲང་ཐིག་གཉིས་བསྣོལ་ཡོད་པའི་གནས་ལ་སྐོང༌།   ༩ གྲུ་བཞི་མ་ཅུང་ཆེ་་བའི་ནང་དུ་དྲང་ཐིག་བཞི་གཞི་གཅིག་ལ་བསྣོལ་ཡོད་པའི་གནས་ལ་ཚིགས་མང་ཟེར།    ༡༠ འགྱིག་རིས་ཀྱི་མཐའ་གཉིས་ནས་དྲང་ཐིག་འགྱིག་དཀྱིལ་ལ་རྩིས་ན་དྲང་ཐིག་ལྔ་བོ་ཡང་ན་ལྔ་འགྱིག་གི་དྲང་ཐིག་གསུམ་པོ་གཞི་གཅིག་ལ་བསྣོལ་བའི་གནས་ཚིགས་ཆེན་དེ་ལ་རྡེའུ་ལམ་ཟེར།
   འགྱིག་བ་རྒན་པ་ཚོས་བཤད་རྒྱུན་ལྟར་ན་འགྱིག་དེ་གསུམ་ཀྱི་རྨང་གཞིའི་འགྱིག་ནི་འགྱིག་བོའུ་རྒྱག་ཞེས་པ་དེ་ཡིན།  དེ་ལ་བྱིས་པའི་འགྱིག་ཀྱང་ཟེར།     འགྱིག་དེའི་འདེད་སྟངས་ནི་ཐད་ཀར་བོའུ་རྒྱག་པ་ལས་བཙིར་ན་མི་ཆོག 
   བཞི།   བཙིར་འགྱིག་འདེད་སྟངས་ངོ་སྤྲོད།
   འགྱིག་འདེད་མཁན་གཉིས་ཀྱིས་རྡེའུ་དཀར་ནག་དང༌།  ཡང་ན་རིགས་མི་འདྲ་བའི་རྡེའུ་སྣ་གཉིས་འདེམས་ནས་འགྱིག་རིས་དཀྱིལ་ཀྱི་ཚིགས་ཆེན་སྟེ་རྡེའུ་ལམ་དེ་གནས་སྟོང་ལ་སྐྱུར་ནས་དེའི་མཐའ་སྐོར་དུ་ཕན་ཚུན་རེས་མོས་སུ་འགྱིག་རྡེའུ་ཕབས་སྟེངས་ལ་རིག་པའི་རྩལ་གྱིས་བཞག་ནས་གཡུལ་བཟུང་སྟེ།   ཕ་རོལ་བའི་རྡེའུ་དེ་བཙིར་བ་དང།   བོའུ་རྒྱག་པ།   ཁ་སྐོང་བ།  ཚིགས་ཆེན་གྱི་མཐའ་སྐོར་ནས་རྡེའུ་ལམ་གཅོད་པ།ཁ་རྩེ་བ་སོགས་ཀྱི་འདེད་སྟེངས་རིགས་མི་འདྲ་མང་བོ་ཡོད་དེ།      དཔེར་ན།  
བཙིར་བ་ནི།   ཕ་རོལ་བའི་འགྱིག་རྡེའུ་རང་གིས་བཞག་ཡོད་པའི་རྡེའུ་ཡི་ཆེས་ཉེ་སར་བཞག་ཡོད་ན་རང་ཉིད་ཀྱིས་ཀྱང་འཕྲལ་དུ་དྲང་ཐིག་དེའི་སྟེང་གི་གནས་ཆེས་ཉེ་ས་དེར་བཞག་སྟེ་ཟོས་པ་དེ་ལ་ཟེར།   དཔེར་ན།

  ཁ་སྐོང་བ་ནི།  བཙིར་ནས་ཟོས་ཤུལ་དུ་རང་གི་རྡེའུ་བཞག་པ་ལ་ཁ་སྐོང་བ་ཟེར།
  བོའུ་རྒྱག་པ་ནི།    ཁ་སྐོང་བའི་རྡེའུ་དེ་དང་དྲང་ཐིག་དེའི་རྩེ་ན་ཡོད་པའི་ཕ་རོལ་བའི་རྡེའུ་དེ་ལས་གཞན་དྲང་ཐིག་དེའི་སྟེང་གི་གནས་ཡོངས་རང་གི་རྡེའུ་གྲལ་འགྲིག་ན་ད་གཟོད་དྲང་ཐིག་དེའི་སྣེ་མོ་ན་ཡོད་པའི་ཕ་རོལ་འི་རྡེའུ་དེ་བླངས་ཆོག་པ་དེ་ལ་བོའུ་བརྒྱབ་པ་ཟེར། དཔེར་ན།

 
(སུམ་བོའུ་རྒྱག་པ)
(ལྔ་བོའུ་རྒྱག་པ)
(བདུན་བོའུ་རྒྱག་པ)
(དགུ་བོའུ་རྒྱག་པ)
(མཐའ་བོའུ་རྒྱག་པ)
  ལམ་ཆད་ནི།    བོའུ་རྒྱག་ཞོར་ལ་བཙིར་བ་དང༌།  བཙིར་ཞོར་ལ་བོའུ་རྒྱག་པ།   ཚིགས་མང་བཙིར་ནས་དཔུང་ཁ་ལེན་པ།  དཔུང་ཁ་བླངས་ནས་རྩེ་ལ་ཕུད་དེ་ནང་འཛིན་མཐའ་སྐོར་དང་ཡང་ན་མཐའ་སྐོར་ནང་འཇུག་བྱས་ནས་འགྲོ་ལམ་མེད་པར་བཟོས་པ་དེ་ལ་ལམ་ཆད་ཟེར།
ཁ་རྩེ་བ་ནི།    སྐབས་སྐབས་སུ་འགྱིག་བ་ཕན་ཚུན་གྱིས་རང་ལ་སྐོང་དང༌།   ཚིགས་མང།    ཉག་ཁ་སོགས་མཐར་ཐུག་གི་དགོས་མཁོ་མེད་ན་བསམ་བཟོས་ནས་རང་གི་འགྱིག་རྡེའུ་བཙིར་རྒྱག་བྱེད་དུ་བཅུག་ནས་མཐར་ཐུག་གི་དགོས་མཁོ་ལ་དམིགས་པའི་སྐོང་དང༌།ཚིགས་མང་ཐབས་བརྒྱ་ཇུས་སྟོང་གིས་རྩད་ན་དེ་ལ་ཁ་རྩེ་བ་ཟེར།
  བཙིར་འགྱིག་འདེད་སྐབས་ལམ་ཆད་དུ་གཏོང་མི་གཏོང་དང༌།  དྲང་ལམ་ཡོད་ཀྱང་ལྡིང་ལམ་ཕྱེ་ནས་བོའུ་རྒྱག་པའི་གོ་སྐབས་ཡོད་ན་བོའུ་རྒྱག་པ།ཡང་ན་འགྱིག་རྡེའུ་བཙིར་བ་སོགས་ཀྱི་འདེད་སྟངས་ནི་འགྱིག་བ་ཕན་ཚུན་གྱིས་འགྱིག་མ་དེད་པའི་སྔོན་ལ་གྲོས་བྱེད་དགོས་པ་ཞིག་ཡིན།གལ་ཏེ་ལམ་གཅོད་ཀྱི་འགྱིག་འདེད་སྟངས་ཡིན་ན་འགྱིག་རྡེའུ་འཇོག་སྐབས་ལམ་ཆད་དུ་འགྲོ་བའི་འགྱིག་རྡེའུ་འཇོག་སྟངས་ལ་གཟབ་ནན་བྱེད་དགོས།    དེ་མིན་ལམ་མི་གཅོད་པའི་འདེད་སྟངས་ཡིན་ན་རྩེ་གཅིག་དང་རྡེའུ་ལམ་ཚིགས་ཆེན་གྱི་གནས་དེ་ལས་འགྲོ་ལམ་གཅིག་ངེས་པར་དུ་འཛིན་དགོས།  རྡེའུ་ལམ་གཅིག་མ་གཏོགས་མེད་པ་ལས་ལམ་ཆད་བྱུང་ན་དེ་ནི་གཡོ་ཐབས་མ་ཡིན།དྲང་ལམ་ཡོད་ས་ནས་དྲང་ལམ་ཕྱེ་དགོས་ལ།   དྲང་ལམ་མེད་ས་ནས་ལྡིང་ལམ་ཕྱེ་དགོས།    དྲང་ལམ་དང་ལྡིང་ལམ་གང་ཕྱེའང་བོའུ་རྒྱག་པ། ཡང་ན་རྡེའུ་བཙིར་བའི་སྲོལ་མེད། 
  དེ་ལྟར་འགྱིག་བ་ཕན་ཚུན་གྱིས་རང་གི་བློ་རིག་ལ་བརྟེན་ནས་སྐབས་འགར་མཐའ་ནས་བསྐོར་ཏེ་དཀྱིལ་ལ་བཅུག་ནས་ཕམ་པར་བཟོ་བ་དང༌།   ལན་རེར་དཀྱིལ་ནས་བཟུང་ཏེ་མཐའ་རུ་བསྐྲད་ནས་ཕམ་པར་བཟོ་བ་སོགས་ཁྱད་མཚར་བའི་འདེད་སྟངས་རིགས་མི་འདྲ་བ་མང་བོ་ཡོད།   མཐའ་མར་འགྱིག་རྡེའུ་མང་ཉུང་གིས་རྒྱལ་ཕམ་གྱི་དབྱེ་བ་འབྱེད་པ་ཡིན།  དེ་བས་ང་ཚོས་འདི་ལྟ་བུའི་སྲོལ་རྒྱུན་རིག་གནས་བོད་རིགས་དམངས་སྲོལ་གྱི་ལོ་རྒྱུས་སྟེགས་བུ་སྟེང་ན་འཇིག་ཉེན་ཡོད་པར་   མཐོང་བ་དང༌། ལྷག་པར་དུ་དགུ་འགྱིག་གི་བཙིར་འགྱིག་ནི་ཉམས་རྒུད་དུ་འགྱུར་ལ་ཉེ་བས་ད་ལྟ་རྒྱལ་ཁབ་རིམ་པས་བོད་ཀྱི་དམངས་སྲོལ་རིག་གནས་འདིའི་རིགས་ཉམས་པ་སོར་ཆུད་དང༌།   མ་ཉམས་གོང་སྤེལ་དུ་བཏང་སྟེ་མྱུར་སྐྱོབས་ཤིག་བྱེད་དགོས་པར་བསམ་ནས་ངོ་སྤྲོད་ཙམ་བྱས་པ་ཡིན་ནོ།། 
 
 


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com