汉文主页

 

 

 
༄༅།། ཚེ་རིང་དོན་གྲུབ་ལ་བཅར་འདྲི་བྱས་པ།
 
 
རྩོམ་པ་པོ་མི་རྒོད། རྩོམ་སྒྲིག་པ་ལྡོང་བླ། དུས་ཚོད2009-5-26 9:52:14 ཡོང་ཁུངས་དགེ་ཆོས་དྲ་བ།

སྒྲུང་རིངརླུང་དམར་འུར་འུརཞེས་པའི་སྐོར་གྱི་གནས་ཚུལ་ཁ་ཤས།
གསར་འགོད་པ། མི་རྒོད།
    ཚེ་རིང་དོན་གྲུབ་ལགས་ནི་1961ལོའི་ཟླ་བཅུ་པར་རྨ་ལྷོ་ཁུལ་ཧི་ནན་སོག་རྫོང་དུ་སྐྱེས་ཤིང༌། བོད་ཀྱི་ལོ་རྒྱུས་སྟེང་དུ་སྒྲུང་རིང་གསུམ་བསྟུད་མར་ བརྩམས་གྲུབ་བྱུང་བའི་རྩོམ་པ་པོ་གཅིག་པུ་ཡིན་ལ། ལོ་རབས་བརྒྱད་ཅུ་བའི་དུས་མཇུག་དང་དགུ་བཅུ་བའི་དུས་མགོར་བརྩམས་གྲུབ་བྱུང་བའི་སྒྲུང་འབྲིངར་ལོཞེས་པ་ལས་བོད་ཡུལ་དུ་སྐད་གྲགས་ཆོད་པའི་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་ཀྱི་ཐད་ལ་མཚོ་སྔོན་བརྙན་འཕྲིན་ཁང་གི་"གླེང་སྟེགས"ལེ་ཚན་དང་མཚོ་སྔོན་བོད་ཡིག་གསར་འགྱུརགྱི་རིག་རྩལ་གཞོགས་བཀོད་སོགས་སུ་ཅུང་ཞིབ་ཕྲ་ཐོན་པའི་བགྲོ་གླེང་དང་དཔྱད་བསྡུར་བྱས་ཡོད་ལ། བོད་ཀྱི་རྩོམ་རིག་མཐའ་དཔྱོད་པ་བདུད་ལྷ་རྒྱལ་དང༌། སྙན་ངག་པ་ལྗང་བུ་སོགས་ཀྱིས་བོད་མིའི་རྣམ་ཤེས་ཀྱི་རང་གཟུགས།---ར་ལོདང་མ་བཀླགས་ཚད་མེད་ཀྱི་བརྩམས་སྒྲུངསོགས་རྩོམ་བྱང་བྱས་པའི་དཔྱད་བརྗོད་བྲིས་ཏེ་གདེང་འཇོག་ཚད་མེད་གནང་ཡོད།
    2006ལོར་ཁོང་གི་སྒྲུང་ཐུངབཙུན་ཡགཅེས་པར་སྐབས་ལྔ་བའི་སྦྲང་ཆར་རྩོམ་རིག་བྱ་དགའ་འཐོབ་ཅིང༌། ཁོའི་བརྩམས་ཆོས་མང་བོ་ཞིག་དབྱིན་ཡིག་སོགས་རྒྱལ་ཁབ་གཞན་གྱི་ཡིག་རིགས་སུ་བསྒྱུར་ཡོད། ཁོས་ཉེ་བའི་དུས་སུ་བྲིས་པའི་སྒྲུང་ཐུང་ཕྱོགས་བསྒྲིག་གི་དེབ་ཅིག་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ན་པར་གྱིན་ཡོད་ལ། གོ་ཐོས་སུ་ཁོང་གི་སྒྲུང་རིང་བཞི་བ་འབྲི་རྒྱུའི་སྟ་གོན་གྱི་དུས་ཡིན་འདུག་ཅེས་ཀྱང་གསུང་གིན་འདུག
   
རླུང་དམར་འུར་འུརནི་ཚེ་རིང་དོན་གྲུབ་ཀྱིས་ལོ་ངོ་ལྔ་ལྷག་གི་རིང་ལ་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔེ་དེབ་ལྔ་བཅུ་ལྷག་དང༌། ཕྱི་གླིང་བའི་བརྩམས་སྒྲུང་དང་ས་གནས་ཁག་གི་དཔྱད་གཞིའི་ཡིག་ཆ་གྲངས་མེད་པ་ཞིག་ལ་ཞིབ་འཇུག་བགྱིས་ཏེ་ཆེད་དུ་ཉམས་འགྱུར་ཞིབ་ཕྲ་མཚོན་པའི་བརྩམས་སྒྲུང་རིང་གྲས་ཤིག་ཡིན་ལ། སྔ་དུམ་ཕྱི་དུམ་གཉིས་སུ་དགར་བ་ནས་ཁྱོན་ཡིག་འབྲུ་ཁྲི་ཉེར་བཞི་ལྷག་གནས་པ་དེ་ལོ་སྔ་ཕྱི་གཉིས་ཀྱི་ནང་དུ་ལེགས་འགྲུབ་བྱུང་བ་ཞིག་ཡིན།
    སྒྲུང་གཏམ་འདིའི་སྔ་དུམ་གྱི་ནང་དོན་བསྡུས་པ་ཞིགམཚོ་སྔོན་བོད་ཡིག་གསར་འགྱུརནས་ངོ་སྤྲོད་བྱས་ཟིན་པ་དང༌། སྔ་དུམ་གྱི་ཆ་ཤས་ཤིག་མང་ཚོགས་སྒྱུ་རྩལསྟེང་བཀོད་ཡོད་པ་དང༌། ཕྱི་དུམ་ཧྲིལ་བོ་མཚོ་སྔོན་བོད་ཡིག་གསར་འགྱུརདུ་བཀོད་ནས་ཚར་ཡོད།
གཤམ་དུ་གསར་འགོད་པ་དང་རྩོམ་པ་པོའི་དྲི་བ་དྲིས་ལན་ཟིན་བྲིས་སུ་བཏབ་པ་ནི།

གསར་འགོད་པས་དྲི་བ།
ཁྱོད་ཀྱིས་སྒྲུང་གཏམ་གསར་རྩོམ་གྱི་བླ་ན་མེད་པའི་དམིགས་ཚད་དེ་ཅི་ལྟ་བུ་ཞིག་ལ་བརྩི་གིན་ཡོད།
ཚེ་རིང་དོན་གྲུབ་ཀྱི་དྲི་ལན།
    བདག་གིས་ནི་རྣམ་པ་ཀུན་ཏུ་སྒྲུང་གཏམ་གསར་རྩོམ་གྱི་ལག་ཐབས་དེ་ཆེས་མཐོའི་རྨང་གཞི་ཞིག་ལ་སྦྱོང་བ་བྱེད་ཀྱིན་ཡོད་ལ། ཁྱད་དུ་འཕགས་པའི་སྒྲུང་གཏམ་ཟེར་བ་ནི་ཅེ་ཁེའི་བརྩམས་སྒྲུང་བ་ཆེན་མོ་མུས་ལན་ཁོན་ཏི་ལིས་གསུང་བ་ལྟར་མིའི་རིགས་འཚོ་བཞུགས་ཀྱི་སྙིང་བོ་ཅི་ཞིག་ཡིན་པ་དང༌། བསམ་དོན་ངོ་མ་ཅི་ཞིག་ཡིན་པའི་དྲི་གཞི་ལ་ལན་བདོན་བཞིན་ གསང་བའི་གནས་སུ་བག་ལ་ཉལ་བའི་མིའི་རིགས་ཀྱི་བྱ་དོན་ངོ་མ་ཞིག་ལྷང་ལ་འབུད་ཐུབ་པ་བྱ་རྒྱུ་སྟེ། ཐ་ན་གློག་བརྙན་དུ་བསྒྱུར་ཐབས་མེད་པའི་རྩོམ་འབྲིའི་ནུས་པ་ཁེར་རྐྱང་བ་ཞིག་ལ་གོ་ཆོག 
གསར་འགོད་པ།
ཁྱེད་རང་གིས་སྒྲུང་གཏམ་གསར་རྩོམ་བྱེད་དུས་སུ་ཆེས་གལ་ཆེ་བའི་དཀའ་གནད་དེ་གང་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད།
དྲི་ལན།
    ཅུང་གཞོན་དུས་སུ་བརྗོད་བྱེད་དེ་ཡིག་རྩལ་དང་སྒྱུ་རྩལ་གྱི་མཉམ་བཟོ་འདོན་སྟངས་སོགས་ལ་གོམས་པས་སྒྲུང་གཏམ་འདྲི་རྒྱུ་དེ་ཅུང་སླ་བོར་འདུག་སྙམ་ནའང༌། ད་ལྟ་བསམ་བློ་དེ་རྦད་དེ་འགྱུར་བཞིན་སྒྲུང་གཏམ་གསར་རྩོམ་སྐོར་ལ་ཆེས་འཛོམས་དཀའ་བའི་དཀའ་ངལ་དེ་རང་ཉིད་གནས་པའི་འཚོ་བ་གོར་ཐིག་མ་དེ་རེད་ལ། ཐ་ན་ང་ཚོ་བོད་པ་ཞིག་ལ་མཚོན་ན་རང་ཉིད་བོད་ཡིན་པའི་ཡུལ་སྲོལ་དང་མཛེས་དཔྱོད་འཛུགས་སྟངས་དེ་མོག་མོག་ཅིག་ཏུ་གྱུར་ཡོད་པ་དེ་རེད།
དྲི་བ།
རླུང་དམར་འུར་འུརསྐོར་ལ་སྐད་ཆ་རེ་བཤད་ན། 
དྲི་ལན།
    རྟོག་བཟོའི་སྒྱུ་རྩལ་གྱི་ཉམས་བཏོན་ས་མང་ནའང་གཙོ་ཆེར་རྩད་འདྲིའི་མྱོང་བ་སོང་བ་ཞིག་ཡིན་པས། སྒྲུང་གཏམ་སྔོན་མ་གཉིས་ལས་ལོ་རྒྱུས་ཀྱི་དོན་སྙིང་ཅུང་ཡོད་བསམ་ཡོད། 
དྲི་བ།
རླུང་དམར་འུར་འུརགྱི་དགེ་བ་དེ་གང་ཞིག་ནས་མཚོན་གྱིན་ཡོད།
དྲི་ལན།
    དགེ་བ་མཐའ་དག་ཀློག་པ་པོར་གསལ་གྱི་བདག་ལ་བརྗོད་དུ་མེད་ནའང་སྒྲུང་གཏམ་འདིའི་ཁྲོད་དུ་རང་ཉིད་ལ་ངེས་ཤེས་འདྲོང་བའི་ཡིད་ཆེས་ཤིག་ཡོད་པ་ནི་སྦྱངས་པར་གོམས་པའི་ སྨྱུག་རྩལ་བཟང་བོ་ཞིག་ཆགས་ཡོད་པ་དེ་ཡིན་ལ། འབྲི་བའི་དུས་ཚོད་ཅུང་མང་པོ་བཀོལ་བའི་སྒྲུང་རིང་ཞིག་ཡིན་ཞེས་བསྙད་པས་ཀྱང་འཐུས།
                                   གསར་འགོད་པ།
                                   ཁྱེད་ལ་བཀའ་དྲིན་ཆེ་ཞུ།



དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com