汉文主页

 

 

 
༄༅།།《མི་དགེ་མེ་ཏོག》ཅེས་བྱ་བའི་སྙན་ངག་དེབ་ཀྱི་ངོ་སྤྲོད་རྒྱས་པ།
 
 
རྩོམ་པ་པོ་ཀུན་དགས་བསྒྱུར། རྩོམ་སྒྲིག་པ་ལྡོང་བླ། དུས་ཚོད2009-6-17 10:54:15 ཡོང་ཁུངས་མཆོད་མེ་དྲ་བ།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
    དེབ་འདིའི་རྩོམ་པ་པོ་ཞར་པོ་ཏེ་ལའེ་ཨེར་ནི༡༨༢༡ལོའི་ཟླ༤པའི་ཚེས༩ཉིན་ཕ་རི་སིར་སྐྱེས། ཁོ་པའི་ཕ་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་༡༧༨༩ནས་༡༧༩༤ལོའི་གསར་བརྗེར་ཞུགས་མྱོང་བ་དང༌། ཕ་རི་སིའི་སློབ་གྲྭ་ཆེན་མོར་མཚན་ཉིད་རིག་པ་དང་ལྷ་རིག་པའི་སློབ་གསོ་ཐོབ་མྱོང་བ་མ་ཟད། དུས་རབས་བཅོ་བརྒྱད་པའི་བློ་འབྱེད་བསམ་བློ་བའི་རྗེས་འཇུག་པ་ཞིག་ཡིན་ལ་རྒྱུན་དུ་རི་མོ་འབྲི་རྒྱུར་ཡང་དགའ་བོ་ཡོད། ༡༨༢༧ལོར་ཁོ་པ་འདས་གྲོངས་སུ་མ་གྱུར་གོང་བར་ཁོ་པའི་ཀླད་པའི་ནང་དུས་རབས་བཅོ་བརྒྱད་པའི་མཚན་ཉིད་རིག་པས་ཡོངས་སུ་ཁེངས་ཡོད། ཁོ་པའི་ཕ་ལོ་ན་དྲུག་ཅུར་སོན་སྐབས་གཉེན་སྒྲིག་ཐེངས་གཉིས་པ་བྱས་ཤིང་ལོ་དྲུག་ཅུ་རེ་གཉིས་ཀྱི་སྟེང་པོ་ཏེ་ལའེ་ཨེར་སྐྱེས། པོ་ཏེ་ལའེ་ཨེར་བྱིས་པའི་དུས་སུ་ཕས་རྟག་ཏུ་སྤྱི་གླིང་དུ་སྤྲོ་འཆམ་བྱེད་པར་ཁྲིད་ཀྱི་ཡོད་པ་དང༌། ལུའུ་སེན་པའོ་སྤྱི་གླིང་གི་མཛེས་སྡུག་ལྡན་པའི་འཇིམ་བརྙན་དེ་ཚོའི་ཡ་མཚན་ཆེ་བའི་གཏམ་རྒྱུད་སྣ་ཚོགས་ཁོ་པར་ཤོད་ཀྱི་ཡོད་སྟབས། ལྷ་སྒྲུང་ཁྲོད་ཀྱི་གཟུགས་བརྙན་དེ་དག་གིས་ཁོ་པའི་ཆུང་དུས་ཀྱི་སེམས་སུ་བག་ཆགས་གཏིང་ཟབ་འཇོག་ཐུབ་པ་བྱུང་སྟེ "ཁོ་པའི་ཆེས་ཐོག་མའི་དགའ་ཞེན་ཆེ་ཤོས་ཤིག་ཏུ་གྱུར་བ་རེད།" སྟབས་མི་ལེགས་པ་ཞིག་ལ་པོ་ཏེ་ལའེ་ཨེར་ལོ་ན་དྲུག་ལ་སོན་སྐབས་ཕ་གློ་བུར་ཏུ་འཇིག་རྟེན་ནས་ཁ་བྲལ་བས་ཁོ་པ་དང་ཁ་པའི་ན་གཞོན་ཨ་མ་གཉིས་བྱིའུ་ཕྲུག་ཐང་ལུས་ལྟ་བུར་གྱུར། ཡུན་རིང་མ་འགོར་བར་ཨ་མས་བསམ་བློ་རྙིང་ཞེན་ཆེ་ལ་བྱ་སྤྱོད་ལོག་སྤྱོད་ཡིན་པའི་དམག་དཔོན་ཨོའུ་པི་ཁི་ཞེས་པའི་ཁྱོ་ག་གསར་བ་ཞིག་བཙལ། སྐབས་དེར་ཁོ་པའི་དཔོན་རིམ་ནི་ཧྲའོ་ཞའོ་ཡིན་པ་དང༌། བཙན་རྒྱལ་གཉིས་པའི་སྐབས་ཅང་ཅུན་གྱི་དཔོན་རིམ་དུ་སྤོས།  དེ་རྗེས་ཕ་རན་སིའི་སི་ཕེན་ལ་བཅའ་སྡོད་གཞུང་ཚབ་ཏུ་བསྐོ་བཞག་བྱས། ཕ་གཡར་གྱིས་པོ་ཏེ་ལའེ་ཨེར་ལ་ལྡན་པའི་སྙན་ངག་པའི་ཉམས་བཟོ་དང་རྙོག་འཛིང་ཆེ་བའི་བསམ་པར་གོ་བ་གཏན་ནས་ལེན་གྱི་མེད་པ་ཇི་བཞིན་པོ་ཏེ་ལའེ་ཨེར་གྱིས་ཀྱང་ཕ་ཡར་གྱི་སྒེར་གཅོད་ཆེ་བའི་སྤྱོད་ཚུལ་དང་བཙན་གནོན་གྱི་བྱ་ཐབས་དང་ལེན་བྱེད་མི་ཐུབ་པས། ཕ་བུའི་དབར་འཁོན་འགྲས་རྣོ་ངར་དུ་སོང་སྟེ། ཨོའུ་པོ་ཁོ་ནི་པོ་ཏེ་ལའེ་ཨེར་གྱིས་འཁོན་འཛིན་ཆེ་ཤོས་བྱ་ཡུལ་དུ་གྱུར། འོན་ཀྱང་ཁོ་པས་རང་གི་མར་སེམས་གཏིང་ནས་དགའ་ཞེན་བྱེད་ཀྱི་ཡོད། འདི་ལྟ་བུའི་ཁྱིམ་ཚང་གི་འབྲེལ་བས་ཁོའི་ད་དུང་འཚར་ལོངས་བྱུང་མེད་པའི་གདོད་མའི་སེམས་ཉིད་ཀྱི་ངོས་སུ་ནག་ནོག་གི་གྲིབ་རྗེས་མང་དུ་བཏབ་ཅིང་སྡུག་བསྔལ་བརྗོད་ཀྱིས་མི་ལང་བ་ཞིག་སྟེར་བ་དང་དུས་མཚུངས། སེམས་ཁོང་རུས་པའི་གཏིང་ནས་འགོག་རྒོལ་གྱི་མེ་ལྕེ་དེའང་འབར་བ་རེད།  འདི་འདྲའི་ཁོར་ཡུག་གི་རྐྱེན་པས་རྗེས་སུ་ཁོ་པའི་སེམས་ཁམས་ཀྱི་གནས་སྟངས་དང་གསར་རྩོམ་གྱི་བསམ་པར་བྱོལ་ཐབས་མེད་པའི་ཤུགས་རྐྱེན་ཞིག་ཐེབས་ཏེ།  "ཇི་སྲིད་གྲོགས་མེད་ཁེར་རྐྱང་དུ་གནས་པའི་ལས་དབང་གི་ཚོར་སྣང"ཞིག་བྱུང་བ་རེད། འདིའི་ཐད་དཔྱད་གཏམ་པ་འགའ་ཞིག་ལྟར་ཕུ་ལུའོ་དབྱི་ཏེའི་སེམས་ཁམས་རིག་པའི་ཁྲོད་ཀྱི "ཨ་མར་དགའ་བ"འི་བསམ་ཚུལ་གྱི་ཐོག་ནས་ཁོ་པར་དབྱེ་ཞིབ་ཀྱིས་ཁོ་པས་རྗེས་སུ་བྲིས་པའི<<མི་དགེ་མེ་ཏོག>>ཅེས་པ་དེ་ཡོངས་སུ་རང་གི་མར་དགའ་བའི་བསམ་ཚུལ་འབའ་ཞིག་ལས་བྱུང་བར་རྩི་བ་དང༌། ཁོ་པ་ཨ་མར་དགའ་ཞིང་ཕར་སྡང་བ་བྱེད་པ་ལས་ནད་ཅན་གྱི་བསམ་ཚུལ་གྲུབ་པ། ནད་ཅན་གྱི་བསམ་ཚུལ་དེའི་ཁྲོད་ནས་ད་གཟོད<<མི་དགེ་མེ་ཏོག>>ཅེས་པ་དེ་བྲིས་པར་འདོད་པ་བཅས་ནི་ཡོངས་སུ་འགྲིག་པ་ཞིག་ཏུ་མི་སྣང་སྟེ།  དེ་ལྟར་གཅིག་ནས<<མི་དགེ་མེ་ཏོག>>ཐོན་པའི་སྤྱི་ཚོགས་ཀྱི་འབྱུང་རྩ་ཁས་མི་ལེན་པ་དང༌། གཉིས་ནས་དེའི་སྤྱི་ཚོགས་ཀྱི་དོན་སྙིང་དང་སྙན་ཚིག་གསར་རྩོམ་གྱི་བྱ་བ་འཕེལ་རྒྱས་འགྲོ་རྒྱུར་དེས་ཕུལ་བའི་ལེགས་སྐྱེས་བཅས་ཀྱང་རྩིས་མེད་དུ་བཏང་བ་ཞིག་ཡིན་ན། དེ་ནི་ལུགས་མཐུན་དྲང་བཞག་ཅིག་མ་ཡིན།


པོ་ཏེ་ལའེ་ཨེར་གྱི་སྐུ་པར།

    རྗེས་སུ་ཕ་གཡར་གྱི་སྡོད་ས་བརྗེས་པ་དང་མཉམ་དུ་པོ་ཏེ་ལའེ་ཨེར་ཡང་ཕྱོགས་དེར་མི་བསྐྱོད་ཐུ་མེད་ཀྱིས་དང་ཐོག་ལི་ཡང་རྒྱུན་སྡོད་སློབ་གྲྭར་སོང༌། རྗེས་སུ་ཕ་རི་སིའི་ལུའུ་དབྱི་བཙན་རྒྱལ་སློབ་འབྲིང་དུ་སློབ་སྦྱོང་བྱེད་རིང་ཁོ་པ་སློབ་སྦྱོང་གི་གྲུབ་འབྲས་ཕུལ་ཏུ་བྱུང་བ་དང་བློ་གྲོས་མཆོག་ཏུ་གྱུར་བ་ཞིག་ཡིན་རུང༌། སྲོལ་གསར་ལུགས་གཞན་གཏོད་རྒྱུར་དགའ་ཞིང་སྒྲིག་ཁྲིམས་མི་སྲུང་མཁན་ཞིག་ཡིན་ལ་ཐ་ན་སློབ་གྲོགས་ཕན་ཚུན་སྤྲོད་རེས་བྱེད་པའི་ཤོག་ཛར་ཡང་དགེ་རྒན་གྱི་བཀའ་བཞིན་རྩིས་འབུལ་མ་ཞུས་པ་སོགས་ཀྱི་ལན་པས་ཁོ་པ་ལུའུ་དབྱི་བཙན་རྒྱལ་སློབ་འབྲིང་ནས་ཕྱིར་འབུད་བྱས། གནས་ཚུལ་དེ་གཞོན་ནུའི་དུས་སྐབས་ལ་སླེབས་མ་ཐག་པ་དང་སྤྱི་ཚོགས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་འགོ་འཛུགས་མ་ཐག་པའི་མི་ཞིག་གི་ངོས་ནས་བཤད་ན་བསམ་བློར་རྡུང་རྡེག་ཤིན་ཏུ་ཆེན་པོ་ཞིག་ཕོག་པ་ཞིག་ལོས་ཡིན།
    དུས་རབས་བཅུ་དགུ་བའི་སྐབས་ཀྱི་ཕ་རི་སི་ནི་འཆུན་སྡོམ་གྱི་ཁ་ལོ་མེད་ཅིང་ཁྲ་སིར་སྦི་སིར་གྱི་འདུ་འཛིའི་འཇིག་རྟེན་ཞིག་རེད། ལོ་ན་བཅོ་བརྒྱད་བཅུ་དགུ་ཙམ་ལ་སོན་པའི་པོ་ཏེ་ལའེ་ཨེར་སློབ་གྲྭ་ནས་ཁ་བྲལ་རྗེས་ག་བྱེད་འདི་བྱེད་གཏོལ་མེད་དུ་གྱུར་ནས་སྒྱིད་ལུག་ཡི་མུག་གི་བསམ་པ་སྐྱེས་པ་དང༌། ཁོ་པའི་ལུས་ཐོག་ཏུ་ཕ་རི་སིའི་ནག་ནོག་གི་གྲིབ་གཟུགས་ཕོག་སྟབས་ཁོ་པ་རྒྱས་སྤྲོས་ཆེ་བའི་ལ་ཏིང་ས་ཁུལ་དུ་སྡོད་ཅིང༌། བག་མེད་བྱུང་རྒྱལགྱི་འཚོ་བར་རོལ། སྐབས་དེ་ཤེད་དུ་ཁོ་པས་དཔེ་དེབ་གང་མང་བལྟས་པ་དང༌། ན་གཞོན་རི་མོ་མཁས་ཅན་དང་རྩོམ་རིག་མཁས་ཅན་ཚོར་འབྲེལ་འདྲིས་བྱས་པ་མ་ཟད་རིང་མིན་ཐལ་དྲགས་པའི་འཆར་ཡན་སྨྲ་བ་དང་མཛེས་པ་ཁོ་ནའི་རིང་ལུགས་ཀྱི་མཁས་དབང་ཀ་རི་ཡེ་ཡི་བུ་སློབ་ཀྱི་གྲས་སུ་གྱུར་པས། མི་རྣམས་ཀྱིས་ཁོ་པར"འཁྱམ་ཉུལ་དཔེ་ཆ་བ"ཞེས་འབོད།
    ཕ་གཡར་གྱིས་ཁོའི་རང་རློམ་ཁེངས་དྲེགས་དང་ངོ་ལོག་གི་གཤིས་རྒྱུད་ལ་འགྱུར་བ་གཏོང་ཆེད་ཁོ་པ་པོ་ཏེ་ལའེ་ནས་འགོ་བཙུགས་ཏེ་གཡོར་གྲུའི་ཐོག་རྒྱ་གར་བར་ཡུལ་སྐོར་རྒྱང་སྐྱོད་ཅིག་ཏུ་བཏང་རུང༌། ཕ་མཐའ་ཡས་པའི་རྒྱ་མཚོའི་ཐོག་ཁོ་པས་རང་ཡུལ་དྲན་ནས་མའོ་ལི་ཆིའུ་སི་གླིང་ཕྲན་དུ་འབྱོར་མ་ཐག་མདུན་དུ་བསྐྱོད་མི་འདོད་པར་དེར་དུས་ཐུང་ཞིག་བསྡད་རྗེས་ཕ་རི་སིར་རང་ལོག་བྱས། ཐེངས་དེའི་འགྲུལ་བཞུད་ཀྱིས་ཁོའི་ཚོར་སྣང་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ་རྗེས་སུ་ཁོ་པས་བྲིས་པའི<<མི་དགེ་མེ་ཏོག>>ནང་དུའང་རྒྱ་མཚོ་དང་ཉི་འོད། རྒྱལ་ཁབ་གཞན་གྱི་མཛེས་ལྗོངས་སོགས་མཛེས་སྡུག་ཡིད་དུ་འོང་བའི་སྙན་ཚིག་དུ་མ་ཁ་སྣོན་རྒྱག་ཐུབ་པ་བྱུང་ཡོད། ཕྱིར་ལོག་བྱས་རྗེས་ཁོ་པ་ཞེན་ལོག་བྱ་ཡུལ་ཁྱིམ་ཚང་གི་ཕ་གཡར་ཙམ་མ་ཡིན་པར། མིག་རྒྱང་རིང་དུ་སོང་བས་ཕ་གཡར་གྱི་རྙིང་ཞེན་བག་ཁུམ་གྱི་བསམ་པ་བརྒྱུད་སྤྱི་ཚོགས་ཧྲིལ་བོའི་ཚུལ་འཆོས་དང་ཐ་ཤལ་གྱི་སྣང་ཚུལ་གསལ་རྟོགས་ཐུབ་པ་དང༌། སླར་ཡང་གོམ་གང་མདུན་སྤོས་ཀྱིས་སྤྱི་ཚོགས་བརྒྱུད་ཚེ་སྲོག་གནས་པའི་སྐོར་ལ་དྲི་བ་འདོན་འགོ་བཙུགས་ནས་སྐབས་དེར་སླེབས་སྐབས་ཁོ་པའི་ངོ་ལོག་གི་བསམ་པར་ཐུན་མོང་མ་ཡིན་པའི་ཡ་མཚན་གྱི་ཁྱད་ཆོས་ལྡན་པར་གྱུར་ཏེ<<མི་དགེ་མེ་ཏོག>>འབྲི་རྒྱུར་བསམ་པའི་རྨང་གཞི་བཏིང༌།
    འོན་ཀྱང་ཕ་རི་སིར་ཕྱིར་ལོག་བྱས་རྗེས་འགོག་རྒོལ་བྱེད་ཡུལ་དང་ཁོང་ཁྲོའི་མེ་ལྕེ་འདོན་ཡུལ་ཞིག་ལམ་སེང་མ་རྙེད་སྟབས། སླར་ཡང་ཁོའི་སེམས་པའི་ངར་ཉམས་ཤིང་སྒྱིད་ལུག་རིམ་སྐྱེས་ཀྱིས་ཉིན་གང་རང་གི་ཕ་དམ་པའི་ཤུལ་བཞག་ཕ་ལང་གསེར་སྒོར་བདུན་ཁྲི་ལྔ་སྟོང་རི་བའི་དངོས་པོ་རྣམས་བག་མེད་ལོངས་སྤྱོད་བྱེད་པ་དང༌། རྒྱས་སྤྲོས་ཆེ་བའི་འགྲུལ་ཁང་དུ་སྡོད་ཅིང་དར་པོ་ཆེ་བའི་དཔེ་གསར་གྱི་གོས་བགོ་བ། སྐུ་དྲག་དང་ཁ་སྒོ་སྐྱེ་འབྲས་འཚར་བའི་བུད་མེད་ག་ལ་བ་དེར་བསྙེགས་ཏེ། གསེར་དངུལ་ཆུ་ལ་སྤྱོད་སྤྱོད་ལྟར་འཁྱམ་ཉུལ་གྱི་འཚོ་བ་བསྐྱལ། ཁོ་པའི་ངོས་འཛིན་ལྟར་ན། རྒྱས་སྤྲོས་ཀྱི་འཚོ་བ་དང་ཁོ་པས་དངོས་པོའི་ལོངས་སྤྱོད་དོན་དུ་གཉེར་བ་དེ་ནི་ཡོངས་སུ"བསམ་བློའི་ཐོག་གཞན་ལས་རྒྱལ་ཐབས"ཀྱི་མཚོན་རྟགས་ཙམ་དུ་ཟད། ཁོ་པ་རང་ན་ཏུའུ་ཝེར་ཟེར་བའི་ཁྲག་རྒྱུད་འདྲེས་མའི་བུད་མེད་ཅིག་ལ་སེམས་པ་ཆགས་པའི་སྐབས་དེར་ཁོ་པ་ད་དུང་སྐུ་དྲག་ཙམ་པོ་ཞིག་གི་ན་ཆུང་བུ་མོ་ས་པ་ཏེ་ཨའེའི་ལྷ་ལྕམ་ཞེས་པའི་ཟུར་ཕོའང་ཡིན་པ་རེད། ཤུལ་བཞག་གི་རྒྱུ་ནོར་ཉུང་ཤས་རྣམས་ཡུད་ཙམ་ལ་གཙང་དག་བཟོས་ཚར་བས། ཁོ་པའི་ཕ་མ་གཉིས་པོས༡༨༤༤ལོར་གཞུང་དཔང་བ་ཞིག་གདན་དྲངས་ནས་ཁོ་པས་ཟླ་རེར་ཕ་ལང་སྒོར་མོ་ཉིས་བརྒྱ་ལས་སྤྱོད་མི་ཆོག་པའི་ཚད་གཞི་བཟོས། དེ་ནས་བཟུང་ཁོ་ཐོག་མཐའ་བར་གསུམ་དུ་འཁོས་དམན་གྱི་འཚོ་བ་མི་སྐྱེལ་ཀ་མེད་ཐོག་སྐབས་རེ་ད་དུང་བུ་ལོན་འཇལ་དགོས་ཀྱི་གནས་ཚུལ་སོགས་ཀྱིས་རྟག་ཏུ་རྩོམ་འབྲིའི་བྱ་བར་རྩེ་གཅིག་ཏུ་མི་གཞོལ་ཐུ་མེད་བྱུང་བ་རེད།  དེའི་རྐྱེན་གྱིས་ཁོ་པར་དེ་བའི་ཤུགས་དྲག་ཆེ་བའི་འགོག་རྒོལ་དང་འཁོན་འཛིན་གྱི་བསམ་པ་ཞིག་སྐྱེས་མོད། འོན་ཀྱང་འགོག་རྒོལ་དེ་ནི་སྒྱིད་ལུག་གི་འགོག་རྒོལ་ཞིག་དང༌། འགོག་རྒོལ་གྱི་ཁྲོད་དུ་རེ་ཆད་ཡི་མུག་གི་བསམ་པ་བསྲེས་པ་ཞིག་ཡིན་ལ། འགོག་རྒོལ་གྱི་རྣམ་པའི་ཁྲོད་ནས་ཉམས་ཞན་གྱི་ཕྱོགས་ཤིག་མངོན་གྱི་ཡོད། ཁོ་པས་ཉལ་ཐ་འབོར་ཆེན་འཐེན་པ་དང༌། ར་བཟི་ཤོད་པ། ཆས་གོས་ཡ་མ་གཟུགས་གྱོན་པ། ཐ་ཤལ་གྱི་འདོད་སྲེད་དོན་གཉེར་བྱེད་པ་སོགས་ཀྱིས་སྐབས་ཤིག་རིང་དར་བོ་ཆེ་བའི་པུའུ་ཨེར་ཆའོ་ཡའི་ཀུན་སྤྱོད་ལ་ཁ་གཏད་གཅོག་པ་འདྲ་བའི་བྱ་སྤྱོད་ལ་བརྟེན་ནས་འབྱོར་ལྡན་གྲལ་རིམ་གྱི་སྲོལ་རྒྱུན་ལྟ་བ་དང་ཀུན་སྤྱོད་ཀྱི་རིན་ཐང་ལ་ཕར་རྒོལ་བྱེད་པའི་རྣམ་འགྱུར་འཛིན་གྱི་ཡོད། ཁོ་པས་ནུས་ཤུགས་ཡོད་རྒུས་གྲལ་རིམ་དེའི་བསམ་པའི་ལྕགས་སྒྲོག་ལས་ཐར་ཐབས་དང༌། བརྩེ་མཚོན་སྙན་ཚིག་གི་རྨི་ལམ་སྒྱུ་མའི་འཇིག་རྟེན་ཁྲོད་ནས་བསམ་པ་དོ་མཉམ་ཡོང་རྒྱུ་འཚོལ་ཞིབ་བྱེད་མོད། འོན་ཀྱང་ཁོ་པའི་འགོག་རྒོལ་ནི་ཉམ་ང་བ་ཞིག་ཡིན་པ་དང༌། དུས་མཚུངས་དེ་ལྟ་བུའི་འགོག་རྒོལ་གྱིས་ཏག་ཏག་ཁོ་པ་ནི་འབྱོར་ལྡན་གྲལ་རིམ་གྱི་བུ་ཕྲུག་འཁྱམ་པོ་ཞིག་ཡིན་པའང་གསལ་བཤད་བྱས་ཡོད།
    ༡༨༤༨ལོའི་གསར་བརྗེས་པོ་ཏེ་ལའེ་ཨེར་གྱི་འགོག་རྒོལ་དེ་འཕེལ་ཚད་གསར་བ་ཞིག་ཏུ་སྐུལ་འདེད་བཏང༌། ཁོ་པ་ཕ་རི་སིའི་བཟོ་པ་དང་མཉམ་དུ་སྲང་ལམ་གྱི་འཛིང་རག་ཏུ་བྱིན་ཏེ་དྲག་པོའི་འོས་ལངས་ནང་ཞུགས། མི་རྣམས་ཀྱིས་ཁོ་པས་ལུས་ལ་མེ་མདའ་ཐོགས་ཤིང་ལག་ནས་རྫས་མདེལ་གྱི་དྲི་བྲོ་བ་དང༌། ཁ་ནས་སྐད་ཤུགས་ཆེན་པོས"ཨོའུ་ཕི་ཁེ་དམར་གསོད་གཏོང་དགོས"ཞེས་པའི་འབོད་སྒྲ་སྒྲོགས་པ་མཐོང་བ་མ་ཟད། ཁོ་པས་གྲོགས་པོ་ཚོ་དང་མཉམ་དུ་ཚགས་པར་ཞིག་ཀྱང་གཉེར་ཏེ་ཚིག་སྦྱོར་རྩུབ་པའི་རྩོམ་ཡིག་འགའ་ཞིག་སྤེལ་མྱོང་བ་རེད། འོན་ཀྱང་ཁོ་པ་ནི་གསར་བརྗེ་པ་ཞིག་མ་ཡིན་ལ་ཐེངས་འདིའི་གསར་བརྗེའི་དོན་སྙིང་ཡང་མི་རྟོགས་པར་འབྱོར་ལྡན་གྲལ་རིམ་ལ"འཁོན་ལན་སློག་པ"དང"གཏོར་བཤིག"གཏོང་བའི་བསམ་པ་འཛིན་པ་ཙམ་ཞིག་ཡིན་ལ། གསར་བརྗེའི་ཁྲོད་དུ་ད་དུང"མཁའ་དབྱིངས་སུ་སྒྱུ་མའི་ཕོ་བྲང་བཞེངས་པ་ལྟ་བུའི་མངོན་འགྱུར་ཡོང་ཐབས་མེད་པའི་རེ་འདུན་དེ་འདྲའང་བཅངས་ཡོད་པ་རེད།"དེར་བརྟེན་གསར་བརྗེར་ཉམ་ཉེས་བྱུང་རྗེས་དང་ལྷག་དོན་༡༨༥༡ལོར་ལུའུ་དབྱི་པ་ན་པའི་སྲིད་སྒྱུར་ལ་རྒྱལ་ཁ་ཐོབ་རྗེས་ཁོ་པའི་གསར་བརྗེའི་སྤྲོ་སྣང་དེའང་དེ་མུར་གོ་མེད་ཚོར་མེད་དུ་གྱུར་བ་དང༌། གསར་བརྗེའི་སྐྱོ་སྣང་སྐྱེས་ཤིང་རེ་བ་ཟད་པ་མ་ཟད་བསམ་བློ་མགྱོགས་མྱུང་ངང་གཡས་ཀྱི་ཕྱོགས་སུ་གཡོ་འགུལ་བྱུང་བ་སོགས་ཀྱི་གནས་ཚུལ་རྣམས་ཁོ་པའི་མཛེས་རིག་གི་ལྟ་བ་དང་སྙན་ངག་གསར་རྩོམ་གྱི་ཐད་ནས་ཀྱང་མངོན་གྱི་ཡོད། ཁོ་པ་འཚོ་སྡོད་སྐབས་མཐའ་མའི་ལོ་ཁ་ཤས་ཀྱི་རིང་གི་ཉིན་ཐོ་དང་འཕྲིན་ཡིག་ནང་དུ་དེ་བས་ལྐུགས་རྟགས་ཚ་བའི་གླེན་བཤད་དང༌། ཐ་ན་ལོག་སྤྱོད་ཡིན་པའི་རིགས་དེ་འདྲ་ཡང་ཐོན་ཡོད། ཁོ་པ"འགོག་རྒོལ་གྱི་གདོན་འདྲས་བསླུས་ཤིང༌། སྐབས་རེ་ཐལ་དྲགས་པའི་མཚམས་ཚད་དུ་ལྷུང༌། ཁོ་པས་དར་ཁྱབ་ཆེ་བ་དང་བཟང་བོར་བརྫུས་པའི་འབྱོར་ལྡན་གྲལ་རིམ་གྱི་ཀུན་སྤྱོད་ལ་འཁོན་འཛིན་དང༌། སྤྱིར་བཏང་གི་བདེན་དོན་ལ་འཁོན་འཛིན་བྱེད་པ་མ་ཟད་ཐ་ན་ཡང་དག་པ་དང༌། རང་བྱུང༌། རྒྱུན་གཏན་གྱི་བྱ་དངོས་ལའང་ཞེན་ལོག་སྐྱེ་གི་ཡོད། ཁོ་པ་རང་ཉིད་ཀྱང་མཛེས་ཚོར་དང་ཀུན་སྤྱོད་ཁ་གཏད་ཀྱི་བྱ་དངོས་ཁྲོད་ནས་མཛེས་ཚོར་གྱི་བྲོ་བ་མྱངས་ཡུལ་ཞིག་འཚོལ་ཞིབ་བྱེད་ཀྱིན་ཡོད། ཐ་ན་ཀུན་སྤྱོད་ལས་འདས་པའི་བྱ་དངོས་ཤིག་ཡིན་རུང་གལ་ཏེ་འབྱོར་ལྡན་གྲལ་རིམ་གྱི་ཐ་ཤལ་བྱ་སྤྱོད་ཀྱི་རྣམ་པ་ལྡན་པ་ཞིག་མིན་ན་ཧ་ལམ་ཁོ་པས་སྤྲོ་པས་དང་དུ་ལེན་པར་བྱེད་དོ།།"ཞེས་པའི་དེ་སྔའི་སུའུ་ལེན་གྱི་དཔྱད་གཏམ་པ་ཞིག་གིས་བཤད་པའི་སྐད་ཆ་དུམ་བུ་དེས་ཁོ་པའི་སྒྱིད་ལུག་ཕྱི་བསྒྱུར་གྱི་ཞན་ཆའི་ཕྱོགས་དེ་དམར་རྗེན་དུ་ཐེར་འདོན་བྱས་ཡོད། འོན་ཀྱང་ཕུགས་བསམ་འཐོར་རྗེས་ཁོ་པས་ཡང་བསྐྱར་རྩོམ་རིག་གསར་རྩོམ་གྱི་འཚོ་བ་མགྱོགས་མྱུར་སླར་གསོ་བྱས་པ་དང༌། དུས་དེ་ནས་བཟུང་སྙན་ཚིག་གསར་རྩོམ་གྱི་བྱ་བར་རྩེ་གཅིག་ཏུ་གཞོལ་ཏེ་རྩོམ་རིག་གི་ཁྱབ་ཁོངས་སུ་གསར་བརྗེ་བྱས་པར་བརྟེན། ༡༨༥༢ལོའི་རྗེས་སུ་ཁོའི་གསར་རྩོམ་དེ་མཐོ་རླབས་སུ་བསྐྱོད་ནས༡༨༥༢ལོ་ནས༡༨༥༧ལོའི་བར་སྔ་རྗེས་སུ་སྙན་ཚིག་ཉི་ཤུ་ལྷག་ཙམ་དང༌། དཔྱད་གཏམ་བཅུ་གྲངས། སྒྱུར་རྩོམ་ཕོན་ཆེ་བཅས་འགྲེམས་སྤེལ་བྱས།
    འཚོ་བའི་ཐད། ཛ་དྲག་ཆེ་བའི་གོ་མཚོན་རྫས་མདེལ་གྱི་དམར་འཛིང་ངོ་མའི་ཁྲོད་དུ་ཁོ་པའི་ཕུགས་རེ་ཇི་བཞིན་མངོན་འགྱུར་ཐུབ་ཀྱི་མེད་ན། ཁོ་པས་སྙན་ཚིག་ལ་བརྟེན་ནས་ད་ཡོད་ཀྱི་སྣང་ཚུལ་དང་དོན་སྙིང་ངོ་མ་འཚོལ་ཞིབ་ཀྱིས་སེམས་གཏིང་གི་རེ་འདོད་ཕུགས་བསམ་བསྒྲུབ་རྒྱུའི་སེམས་ཐག་
བཅད། སྙན་ངག་པར་ལྡན་པའི་མཐུ་ནུས་ནི་ཉིས་རྩེག་སྟེག་སྟེ། ཁོ་པས།
       ངས་མཛེས་རྒྱན་བརྟོལ་ནས་དམྱལ་བ་སྔོག་ཐུབ།
       ཡང་ཁོ་པས།
       ངར་ལུད་སྤྲོད་དང་ངས་དེ་གསེར་དུ་བསྒྱུར་ཐུབ།
       ཅེས་བཤད་ཀྱི་ཡོད་པ་དང༌།  པོ་ཏེ་ལའེ་ཨེར་གྱིས་མཐུ་ནུས་ཉིས་རྩེག་འདིར་བརྟེན་ནས་གསར་ཞིང་ཆ་ཚང་བའི་འགོག་རྒོལ་གྱི་རྣམ་པ་སྟེ་སྙན་ཚིག་གི་ལམ་བུ་འདི་འདྲ་ཞིག་འབྱེད་པ་དེ་ནི་ཁོ་པའི་ཇི་སྲིད་བར་དུ་ཡལ་བ་མེད་པའི་བརྩམས་འབྲས<<མི་དགེ་མེ་ཏོག>>ཅེས་པ་གསར་རྩོམ་ཐུབ་པའི་རྩ་བ་ཡིན་ནོ།།
    སྐབས་དེར་སྙན་ངག་པས་ངོ་མཚར་ཆེ་བའི་རྣམ་པ་དེ་འདྲ་ཞིག་ལ་བརྟེན་ནས་རང་གི་འཁོན་སེམས་ཕྱིར་གཙང་འབྱིན་བྱེད་ཐུབ་པ་བྱུང་བ་རེད། ཕུལ་བྱུང་གི་བརྩམས་འབྲས་དེ་འབྲི་ཐུབ་པའི་རྒྱུ་རྐྱེན་ད་དུང་གཞན་ཞིག་ཡོད་པ་ནི། སྐབས་དེ་ཤེད་དུ་ཁོ་པས་ཨ་རིའི་རྩོམ་པ་པོ་ཨའེ་ལུན་ཕོ་ཤེས་རྟོགས་བྱུང་བ་དེ་རེད། ཁོ་གཉིས་དབར་བསམ་བློ་དང་ཤེས་ཡོན་གྱི་ཐད་ཙམ་མ་ཟད་ཐ་ན་ཁོ་ཚོའི་འཚོ་བའི་ལམ་བུར་འཕྲད་པའི་གེགས་བར་གྱི་ལོ་རྒྱུས་ཁྲོད་དུའང་ཡ་མཚན་ཆེ་བའི་མཐུན་ཕྱོགས་མི་ཉུང་བ་ཞིག་ཡོད་པས། པོ་ཏེ་ལའེ་ཨེར་གྱི་སྐོམ་པ་ཆུ་འདོད་ལྟར་ཨའེ་ལུན་ཕོ་ཡི་བརྩམས་ཆོས་ཀློག་པ་དང་བསྒྱུར་བར་མ་ཟད། ཡིག་སྒྱུར་དཔེ་སྐྲུན་གྱི་ལས་ཀ་དེ༡༨༥༥ལོ་བར་རྒྱུན་འཁྱོངས་བྱས། ཨའེ་ལུན་ཕོ་ཡི་བརྩམས་ཆོས་དང་སྙན་ཚིག་རིག་གཞུང་གིས་པོ་ཏེ་ལའེ་ཨེར་ལ་བག་ཆགས་ཟབ་མོ་བཞག་སྟབས་ཁོ་པའི་སྙན་ཚིག་གི་ཁྲོད་དུ་བསམ་པའི་བཀོད་ཤུགས་འདོན་སྤེལ་བྱ་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཞིག་ཐོན་ཡོད། པོ་ཏེ་ལའེ་ཨེར་གྱིས་སྙན་ངག་པའི་བསམ་པའི་བཀོད་ཤུགས་བརྒྱུད་དེ་འཇིག་རྟེན་བྱ་དངོས་དབར་གྱི་འདྲེས་ཚོར་མཐོང་ཐུབ་པ་དང༌། རང་སྣང་ཡུལ་ཅན་དང་ཕྱི་རོལ་ཕན་ཚུན་དབར་གྱི་བལྟོས་བྱུང་མཐིལ་རྟོགས་ཀྱིས་དངོས་ཡོད་ལས་འདས་པའི་འཇིག་རྟེན་ཏུ་སྙེག་ཐུབ་པ་བྱུང་བ་རེད། འཆར་ཡན་རིང་ལུགས་བསྐྱུར་ཏེ་ཅི་དགར་རྟ་དབྱངས་སུ་གྱེར་བའི་སྙན་ཚིག་ཅིག་གསར་གཏོད་བྱེད་ཐུབ་པ་མ་ཟད་དེ་ཉིད་མི་རྣམས་ཀྱི་སྐྱོ་གར་ལྟ་བུའི་ལས་དབང་གི་འདུན་མཚོན་རྩོམ་ལུགས་ཤིག་ཏུ་བསྒྱུར་ཐུབ་པ་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད་སྟབས་ཁོ་པས་ཨའེ་ལུན་ཕོ་ཡི་རིགས་པའི་གཞུང་ལུགས་འཕེལ་རྒྱས་སུ་བཏང་སྟེ་འཆར་ཡན་རིང་ལུགས་ཀྱི་སྙན་ཚིག་དེ་མཚོན་རྟགས་སྨྲ་བའི་སྙན་ཚིག་ཏུ་རིམ་སྒྱུར་བྱས་ཤིང་དེའི་ཉིང་བཅུད་ལྟ་བུ་ནི<<མི་དགེ་མེ་ཏོག>>དེ་མཐའ་མ༡༨༥༧ལོར་འཇིག་རྟེན་མིའི་འདྲེན་བྱེད་ཟུང་གི་སྤྱོད་ཡུལ་དུ་གྱུར་ཏོ།།
    བློ་ཕངས་སྐྱེ་དགོས་པ་ཞིག་ལ་པོ་ཏེ་ལའེ་ཨེརལོ་མང་རིང་དབུལ་ཐོག་ནད་མནར་གྱི་རྐྱེན་པས<<མི་དགེ་མེ་ཏོག>>གི་རྗེས་སུ་རྩོམ་ཡིག་འགའ་ཞིག་སྤེལ་མྱོང་མོད། འོན་ཀྱང་སེམས་ཤུགས་ཉམས་པ་དང་ཡི་ཐང་ཆད་པའི་རྣམ་པ་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་བས<<མི་དགེ་མེ་ཏོག>>ནི་ཁོ་པ་ཁ་ཡར་བལྟའི་རྩེ་མོར་སོན་པའི་ཚད་དེ་རེད། ཁོ་པས་རྟག་ཏུ་ཉལ་ཐ་སོགས་ཀྱིས་རང་ཉིད་སྦྲིད་ཐབས་བྱེད་པར་བརྟེན་གཟུགས་གཞི་ཇེ་སྡུག་དང་སྙིང་སྟོབས་ཇེ་དམན་དུ་སོང་བ་དང༌། ༡༨༦༦ལོར་ཁོ་པ་པེར་ཅམ་དུ་ཆེད་དོན་འཆད་ཁྲིད་འགའ་ཞིག་ཏུ་བསྐྱོད་རྒྱུའི་སྟ་གོན་བྱེད་བཞིན་པའི་སྐབས་དེར་ཉིན་ཞིག་གི་དགོང་མོ་གྲོང་ཁྱེར་ན་མོར་གློ་བུར་ཏུ་འགྱེལ་ནས་མཐའ་མ་སྨྲ་བརྗོད་ཀྱང་མི་ཐུབ་པར་གྱུར་སྟབས། ༡༨༦༧ལོར་ཕ་རི་སིར་ཕྱིར་ལོག་པ་དང་དེ་ལོ་ཟླ༨པའི་ཚེས༣༡ཉིན་སྨན་པ་ཏུའུ་ཝའི་ནད་ཁང་ནང་ཁོ་པའི་འགལ་ཟླ་དང༌། སྡུག་བསྔལ། འགོག་རྒོལ། ཉམས་ཞན་གྱི་རྣམ་པ་བཅས་ཀྱིས་ཁེངས་པའི་མི་ལོ་ཞེ་དྲུག་གི་བཤུལ་ལམ་རྫོགས་པར་བྱས་སོ།།
ངོ་སྤྲོད་རགས་བསྡུས།
    ༡༨༥༧ལོར་ཕ་རན་སིར་མིང་གྲགས་དེ་ཙམ་མེད་པའི་ན་གཞོན་སྙན་ངག་པ་པོ་ཏེ་ལའེ་ཨེར་གྱིས་པར་དུ་བསྐྲུན་པའི<<མི་དགེ་མེ་ཏོག>>ཅེས་པ་དེས། སྐབས་དེར་སྔར་མེད་དཔེ་གསར་གྱི་ཁྱད་ཆོས་ལྡན་པ་སྟེ། "སྒྱོགས་མདེལ་གཅིག་དང་འདྲ"བའམ་ཡ་མཚན་ཅན་གྱི་དངོས་པོ་ལྟ་བུས་སྲིད་ཕྱོགས་དང་སྙན་ངག་ལས་རིགས་ལ་འཚབ་འཁྲུགས་ཤིག་བསླངས་པ་རེད། དེ་མ་ཐག་བསྟོད་སྨད་ཅི་རིགས་ཀྱི་དཔྱད་གཏམ་དར་དིར་སྒྲོག་བཞིན་སྙན་ངག་པ་དང་དཔེ་སྐྲུན་བྱེད་པོར་ཉེས་བགྲང་ཞུ་གཏུག་བརྒྱབ་པར་མ་ཟད་སྙན་ཚིག་གིས་ཀུན་སྤྱོད་དར་སྲོལ་ལས་བརྒལ་ཞིང་ཆོས་ལུགས་ཁྱོད་གསོད་བྱས་པའི་རྒྱུ་མཚན་གྱི་ཐོག་ནས་དངུལ་ཆད་ཀྱང་བཀལ། འོན་ཀྱང་རྩོམ་པ་པོ་དང་སྙན་ངག་ཕྱོགས་བསྒྲིགས་ཀྱི་མིང་གྲགས་ནི་དེ་བས་ཀྱང་རྒྱ་ཆེར་ཁྱབ། <<མི་དགེ་མེ་ཏོག>>ཐོན་མ་ཐག་སྐབས་དེར་ཡུལ་གྱར་དུ་ཡོད་པའི་ཡུས་ཀུའོ་ཡིས་ལམ་སེང་ཡི་གེ་བཏང་སྟེ་དེས་ཕ་རན་སིའི་སྙན་ཚིག་ལ"ཡོམ་འགུལ་གསར་བ"ཞིག་བཏང་བ་རེད་ཟེར། ཨ་ལ་ཀུང་གིས"པོ་ཏེ་ལའེ་ཨེར་ལས་ལྷག་པའི་མི་རྣམས་ཀྱི་སྤྲོ་སྣང་སེལ་ཐུབ་མཁན་སྙན་ངག་པ་ཞིག་མེད"ཅེས་བརྗོད། ཝ་ལའེ་ལིས"རིག་གནས་པའི་དཔྱད་གཏམ་གྱི་ཁྲོད་དུ་ཤོག་གྲངས་སུམ་བརྒྱ་ཡང་མ་ཟིན་པའི་དེབ་ཆུང<མི་དགེ་མེ་ཏོག>ཅེས་པ་དེས་མིང་གྲགས་ཆེ་ཤོས་དང༌། གཞི་རྒྱ་ཆེ་ཤོས་ཀྱི་བརྩམས་ཆོས་དེ་ཚོ་དང་མཐོ་འཚམ་བྱེད་ཐུབ་པ་ཞིག་རེད།"ཅེས་བཤད། འོ་ན་པོ་ཏེ་ལའེ་ཨེར་གྱི་སྐོར་ལ་ཇི་འདྲའི་གདེང་འཇོག་བྱས་ཡོད་དམ་སྙམ་ན་ཝ་ལའེ་ལིས་ཁོ་པ་ནི"གཟི་བརྗིད་ཀྱི་རྩེ་མོར་བསྙེགས་ཡོད།" ཁོ་པ་ཡོད་པས"ཕ་རན་སིའི་སྙན་ཚིག་དེ་མཐའ་མ་རྒྱལ་མཚམས་བརྒལ་ཐུབ་པ་བྱུང་ཡོད།"ཅེས་དང༌། ལན་པོ་ཡིས་ཁོ་པ་ནི"དངོས་འབྲེལ་གྱི་དཀོན་མཆོག་དེ་རེད།" ཨའེ་ལུའེ་ཐེས"དེང་རབས་རྒྱལ་ཁབ་ཡོངས་ཀྱི་སྙན་ངག་པའི་ཆེས་མཐོའི་མིག་དཔེ"ཞེས་པ་ལ་སོགས་པའི་བསྔགས་བརྗོད་བྱས་ཡོད།
    ལོ་ངོ་བརྒྱ་ཙམ་གྱི་རིང<<མི་དགེ་མེ་ཏོག>>གིས་ཕ་རན་སིའི་རྩོམ་རིག་ལོ་རྒྱུས་ཐོག་དང་ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་ཧྲིལ་བོའི་ཐོག་ནུས་པ་ཤིན་ཏུ་ཆེན་པོ་འདོན་སྤེལ་བྱས་ཏེ། མཚོན་རྟགས་རིང་ལུགས་ཀྱི་སྲོལ་འབྱེད་བརྩམས་འབྲས་དང་དེང་རབས་སྨྲ་བའི་རྩོམ་རིག་ཧྲིལ་པོའི་གཞི་གདན་གྱི་བརྩམས་འབྲས་ཤིག་ཏུ་གྱུར་ཡོད། མི་རྣམས་ཀྱིས་འདི་ནི་སྒྱུ་རྩལ་གྱི་ཐབས་རྩལ་མཆོག་ཏུ་གྱུར་ལ་བསམ་པའི་ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཤིག་ཡིན་པ་ཉིན་རེ་བཞིན་ཤེས་རྟོགས་ཇེ་གསལ་དུ་འགྲོ་བཞིན་ཡོད་དོ།། 

 
<<མི་དགེ་མེ་ཏོག>>ཅེས་པའི་སྙན་ངག་དེབ་ཀྱི་ཕ་རན་སིའི་སྐད་ཀྱི་མ་དེབ།

ནང་དོན།
    <<མི་དགེ་མེ་ཏོག>>༡༨༥༧ལོར་ཐོག་མར་པར་དུ་བསྐྲུན། དེའི་ནང་སྙན་ཚིག་བརྒྱ་ལྷག་བསྡུས་ཡོད། པར་སྐྲུན་བྱས་རྗེས་ཁྲིམས་ཁང་ནས<<རྒྱན་ཆ>>སོགས"ཚུལ་མིན་ལུགས་འགལ"དུ་རྩི་བའི་སྙན་ཚིག་དྲུག་འགོད་མི་ཆོག་པ་བཟོས། ༡༨༦༡ལོར་སྙན་ངག་པ་རང་གིས་པར་ཐེངས་གཉིས་པའི་སྙན་ཚིག་འདེམས་སྒྲིག་བྱེད་སྐབས་སླར་ཡང་སྙན་ཚིག་གསར་བ་སུམ་ཅུ་སོ་གཉིས་ཁ་སྣོན་དང་བཅས་ཁྱོན་སྙན་ཚིག་ཁག་བརྒྱ་དང་ཉི་ཤུ་རྩ་དྲུག་བསྡུས། སྙན་ངག་པ་འདས་རྗེས་པར་དུ་བསྐྲུན་པའི་ཁོ་པའི་པར་གཞི་ཆ་ཚང་ལ་ཁྱོན་སྡོམ་སྙན་ཚིག་ཁག་བརྒྱ་དང་ལྔ་བཅུ་ང་བདུན་ཡོད་ལ། ཚབ་བྱེད་གླེང་གཞི<<ཀློག་པ་པོར་འབུལ་ཡིག>>ཅེས་པའི་སྙན་ཚིག་ཕུད་སྙན་ངག་ཕྱོགས་བསྒྲིགས་ཆ་ཚང་དེ་ས་བཅད་དྲུག་ཏུ་ཕྱེ་ཡོད།
    <<ཀློག་པ་པོར་འབུལ་ཡིག>>ཅེས་པའི་ནང་བླུན་རྨོངས་དང༌། ཁུངས་མེད། སྡིག་ཉེས། འདོད་རྔམ་སོགས་ཀྱིས་ང་ཚོའི་བསམ་པ་བཟུང་ཞིང་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་བོར་ཟུག་གཟེར་བསླངས། གདོན་འདྲེས་ང་ཚོའི་རྒྱུད་བརླམས་ནས་བྱ་སྤྱོད་སྤེལ་བར་བྱེད། ང་ཚོ་སྐྱུག་བྲོ་བའི་བྱ་དངོས་ལ་དགའ་ཞིང་ཉིན་རེ་བཞིན་དམྱལ་བའི་ཕྱོགས་སུ་ཆས་བཞིན་གདའ། ཆེས་མདོག་ངན་པ་དང༌། ཆེས་གདུག་རྩུབ་ཆེ་བ། ཆེས་མི་གཙང་བ་བཅས་ཀྱི་གདོན་འདྲེ་ཞིག་གིས་མི་ཚོགས་ཁྱུར་མིད་གཏོང་བཞིན་མཆིས། བཟང་བརྫུས་ཀྱི་ཀློག་པ་པོ། ང་ཚོའི་སྤུན་ཟླ། ཁོ་བོའི་གཅེན་གཅུང་ཁྱེད་ཀྱིས་རྟོགས་ངེས་ཏེ།
གདོན་འདྲེ་འདི་ནི་ཞེན་ལོག་དེ་ཡིན་ཞེས་སོགས་བརྗོད།
    ས་བཅད་དང་བོར། <<ཕུགས་བསམ་དང་སེམས་སྡུག>>ཅེས་པ་དེ་གཉིས་ཁ་གཏད་དུ་ལངས་པའི་སྐོར་བྲིས་ཡོད་པ་དེར<<དཀོན་མཆོག་གི་དྲིན་གཟོའི་རོལ་དབྱངས>>དང<<འདྲེས་ཚོར>>སོགས་སྙན་ཚིག་བརྒྱད་ཅུ་གྱ་ལྔ་ཡོད། དཀོན་མཆོག་གི་དགོངས་གཞི་ལྟར་སྙན་ངག་པ་རང་ཉིད་སུན་སྣང་སྐྱེ་དགོས་པའི་འཇིག་རྟེན་འདིར་བལྟམས་ཤིང་ལྷའི་ཕོ་ཉ་ཞིག་གི་སྲུང་སྐྱོབ་འོག་གང་མགྱོགས་འཚར་ལོངས་བྱུང་བ་དང༌། རྗེས་སུ་ཁོ་པ་མཚོ་བྱ་དཀར་སྐྱ་
ཞིག་དང་འདྲ་བར་རྟག་ཏུ་ཆར་དྲག་རླུང་འཚུབ་ཀྱི་ཁྲོད་དུ་འགྲོ་འོང་བྱེད།  ས་བཅད་འདིར་ད་དུང་སྐད་གྲགས་ཆེ་བའི་སྙན་ཚིག<<འདྲེས་ཚོར>>ཞེས་པ་ཞིག་ཡོད་པ་དེའི་ནང་སྙན་ངག་པས་རང་བྱུང་གི་ཁམས་ཆེན་པོ་འདི་ནི་ལྷ་ཁང་ཞིག་དང་འདྲ་བ་དང༌། མཚོན་བྱེད་དུ་གྱུར་བའི་ནགས་ཚལ་གྱི་བྱམས་རྩེའི་མིག་གིས་མི་རྣམས་ལ་ལྟ་ཞིབ་བྱེད་པ་དེ། རིང་དུ་འབྱམས་པའི་བྲག་ཅ་རྒྱང་རིང་དུ་བསྲེས་བདལ་བྱས་པ་དང་འདྲ་ལ། རོ་དང༌། ཁ་དོག་དང༌། སྒྲ་རྣམས་ཕན་ཚུན་འབོད་རེས་ཕན་ཚུན་ཨ་ལན་འདེབས་རེས་བྱེད་ཀྱིན་ཡོད་པའི་ངོས་འཛིན་བྱས།
    ས་བཅད་གཉིས་པར། <<ཕ་རི་སིའི་རྣམ་པ>>ཞེས་པའི་ནང༌། སྙན་ངག་པས་ཕ་རི་སིའི་ཡུལ་ལྗོངས་སྤྱད་དེ་དཀའ་སྡུག་གི་གནས་སུ་ཡོད་པའི་མི་
ཚོགས་ཀྱི་ཁྲོད་དུ་བསྐྱོད་པའི་སྐོར་བྲིས་ཡོད། ས་བཅད་འདིར<<ངང་བ>>དང<<རྒས་པོ་བདུན>>སོགས་སྙན་ཚིག་བཅོ་བརྒྱད་བསྡུས་ཡོད་པའི་ནང<<ངང་བ>>ཞེས་པ་ནི་སྐད་གྲགས་ཆེན་པོ་ལྡན་ཡོད་པ་ཞིག་རེད། སྙན་ཚིག་དེར་གཟེབ་མའི་ཁྲོད་ནས་བྲོས་ཐར་བའི་ངང་བ་ཞིག་གིས་སྐམ་ཟིན་པའི་ཆུ་ཕྲན་རྒྱུག་ཡུལ་གྱི་ཕྱོགས་སུ་མཆུ་ཏོ་བརྐྱངས་ཤིང༌། སེམས་ནང་མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་མཚེའུ་དྲན་བཞིན་དུ། "ཀྱེ་ཆུ་མོ། ཁྱོད་དུས་ནམ་ཞིག་གི་ཚེ་རྒྱུགས་ཕེབས་སམ། ཀྱེ། འབྲུག་སྐད། ཁྱོད་དུས་ནམ་ཞིག་གི་ཚེ་སྒྲོགས་ལགས་སམ།"ཞེས་བརྗོད་ཀྱི་ཡོད་པ་དང༌། ལས་དབང་དམན་པའི་ཡ་མཚན་གྱི་དངོས་པོ་དེས་རྩ་འདར་གྱི་སྐེ་རིང་ཐེངས་མང་བརྐྱངས་ཤིང་སྙིང་རྗེ་མེད་པའི་མཁའ་དབྱིངས་སུ་བལྟས་ནས་དཀོན་མཆོག་ལ་དམོད་མོ་བོར་བའི་སྐོར་བྲིས་ཡོད། <<རྒས་པོ་བདུན>>ཞེས་པས་སྙན་ངག་ཕྱོགས་བསྒྲིགས་ཀྱི་བརྗོད་བྱ་གཙོ་བོ་ཐད་ཀར་གསལ་སྟོན་བྱས་ཡོད་དེ། ཉིན་ཞིག་གི་ཞོགས་པ་བཙོག་གྱུར་སྨུག་པས་ཡ་ང་བའི་ཁྲོམ་གཞུང་གི་འགྲོ་ལམ་བཀབ། སྙན་ངག་པས་གོས་སེར་ཧྲལ་ཧྲུལ་གྱོན་པ་དང༌། གཟུགས་ལྷོ་གཞུ་ལྟར་གུག་པ། ཨ་ར་སོབ་སོབ། འཁར་རྒྱུག་འཕྱང་བ། གོམ་འགྲོས་འཆོལ་བ་བཅས་ཀྱི་རྒན་པོ་ཞིག་མཐོང༌། མིག་འཕྲུལ་གྱི་གདོན་འདྲེ་བཞིན་གྱི་རྒས་པོ་དེ་ལས་སྤྲུལ་བསྒྱུར་གྱིས་རྒས་པོ་བདུན་ཡུག་གཅིག་ཏུ་ཐོན་པས། སྙན་ངག་པ་ཤིན་ཏུ་དངངས་སྐྲག་སྐྱེ་དགོས་པ་ཞིག་བྱུང༌།
    ས་བཅད་གསུམ་པ།  <<ཨ་རག>>ཅེས་པར"མིས་བཟོས་ལྷ་ཡུལ"གྱི་སྒྱུ་མའི་ཞིང་ཁམས་ཤིག་བཏོད་ཡོད། ས་བཅད་འདིར<<ཨ་རག་གི་རྣམ་ཤེས>>དང༌། <<ཟོག་རོ་སྒྲུག་མཁན་གྱི་ཨ་རག>> <<མི་གསོད་ཉེས་ཅན་གྱི་ཨ་རག>> <<ཁེར་རྐྱང་བའི་ཨ་རག>><<བརྩེ་གྲོགས་ཀྱི་ཨ་རག>>སོགས་སྙན་ཚིག་ཁག་ལྔ་ཚུད་ཡོད། གནའ་བོའི་གྲོང་ཁྱེར་གྱི་ལྟེ་གནད་གཅིག་གི་ལམ་སྒྲོན་དམར་བོ་ཞིག་གི་འོག  ཟོག་རོ་སྒྲུག་མཁན་གྱི་མི་རྣམས་རྟག་ཏུ་འགྲོ་འོང་བྱེད། ངལ་རྩོལ་གྱི་རྐྱེན་ལས་ཐང་ཆད་བཟོ་ལྟ་ཤོར་བའི་མི་དེ་ཚོ་ཕ་རི་སིའི་གཞི་རྒྱ་ཆེ་བའི་ཛ་རེ་ཛོ་རེའི་ཕུང་པོ་ཕུང་པོར་གྲུབ་པའི་གད་སྙིགས་ཀྱི་སྟེང་དུ་སྒུར་ནས་སྡོད། རྒས་པོ་དེ་ཚོའི་ཞེ་འཁོན་ཞི་སླད། དཀོན་མཆོག་གིས་ནོངས་འགྱོད་དང་བཅས་གཉིད་ཁུག་རྒྱུ་བསྐྲུན། དེའི་སྟེང་མིས་ཨ་རག་བསྣན། ཡུལ་བོར་གནས་པའི་ཁེར་རྐྱང་བ་ཞིག་གིས་བལྟས་ན། མཛེས་མའི་ཁྲ་རིག་གི་མིག་ཟུང་དང༌། བརྒྱན་པོའི་མཐའ་མའི་གསེར་དངུལ་ཁུག་མ་གཅིག་ཚང་མས་ཨ་རག་གི་དོ་ཟླ་ག་ལ་རུང༌། ཨ་རག་གིས་ང་ཚོ་སྤྲོ་བས་མྱོས་གྱུར་ལ། སྐྱིད་པོ་ལྷའི་ལོངས་སྤྱོད་ལས་འདའ་བར་གྱུར།
    ས་བཅད་བཞི་བ།  <<མི་དགེ་མེ་ཏོག>>ཅེས་པ་འདིར་སྙན་ངག་པས་མ་རུང་པར་སྡིག་ཉེས་གྲོགས་སུ་བཀུག་པའི་སྐོར་བྲིས་ཡོད། འདིའི་ནང<<ཉེས་དེབ་ཀྱི་གླེང་གཞི>>དང<<ཁྲག་གི་ལྟེང་ཀ>>སོགས་སྙན་ཚིག་བཅུ་དྲུག་བསྡུས་ཡོད། སྙན་ངག་པར་སྐབས་རེ་ཁྲག་རྒྱུན་ལྟེང་ཀའི་ཆུ་ལྟར་བཞུར་བའི་ཚོར་སྣང་སྐྱེ་གི་ཡོད་མོད། འོན་ཀྱང་གཟུགས་ཡོངས་རྫོགས་ལ་འཕུར་མཉེ་བྱས་ཀྱང་རྨ་ཁ་རྙེད་རྒྱུ་མེད། ཁོ་པས་རྟག་ཏུ་མི་བསླུ་བྱེད་ཀྱི་ཨ་རག་ལ་བརྟེན་པར་བྱེད། ཡང་ཁོས"འཁྱམ་ཉུལ"དང"གཤིན་རྗེ"ནི་དགོད་བྲོ་བའི་ན་ཆུང་བུ་མོ་གཉིས་ཡིན་སྙམ། སྨད་འཚོང་ཁང་དང་བང་སོས་ནམ་ཡང་མགྲོན་དུ་མི་ཡོང་བར་འགྱོད་བཤགས་བྱེད་པའི་ཉལ་ཁྲི་ཞིག་བསྟན། རེ་བ་སྟོང་ཟད་དུ་གྱུར་བའི་མིས"ཀྱེ། གཤིན་རྗེ་མཆོག ཁྱོད་ནམ་ཞིག་གི་ཚེ་ཕེབས་སམ"ཞེས་སྐད་གསང་མཐོན་པོས་འོ་དོད་འབོད་པར་བྱེད།
    ས་བཅད་ལྔ་བ། <<འགོག་རྒོལ>>ཞེས་པར<<ཧྲེང་པེ་ཏེའི་ངོ་ལོག>>ཟེར་བ་སོགས་སྙན་ཚིག་དགུ་བསྡུས་ཡོད། རེ་བ་ཟད་པའི་མི་ངོ་ལོག་གི་ལམ་དུ་ཞུགས་ནས་གདོན་འདྲེར"ཀྱེ་ཧུད་རྒྱལ་བོ་ཁྱེད་ཀྱིས་ངའི་ཚེ་འདིའི་སྡུག་བསྔལ་ལ་བསམ་ཤེས་མཛོད་དང"ཞེས་གསོལ་བ་བཏབ། མཐའ་མ་མི་ཡུལ་གྱི་ལམ་ཡོངས་རྫོགས་བཅགས་ཀྱང་སྔར་བཞིན་སྡུག་བསྔལ་ལས་གྲོལ་ཐབས་མེད་པའི་སྐབས། སྙན་ངག་པས་མཐའ་མའི་ཇུས་གཅིག་པོ་སྟེ་འཆི་བ་མངོན་དུ་བྱས།
    ས་བཅད་དྲུག་པ། <<འཆི་བ>>ཞེས་པར<<དབུལ་བོའི་འཆི་བ>>སོགས་སྙན་ཚིག་དྲུག་བསྡུས་ཡོད། སྙན་ངག་པས་འཇིག་རྟེན་གཞན་ཞིག་ཏུ"སྐོར་བསྐྱོད"དུ་འགྲོ་བ་དང༌། འཆི་བ་ནི"སེམས་གསོ"དང"ཚེ་སྲོག་གི་དམིགས་ཡུལ" "རེ་བ་ཉག་གཅིག"བཅས་ཡིན་པར་འདོད། སྙན་ངག་པས་གཤིན་རྗེ་ནི"གྲུ་ཡི་དེད་དཔོན"ཞིག་ཏུ་བརྩིས་ནས། དུས་ལ་བབས་སོང༌། གཏིང་རྡོ་འཐེན། གནས་འདིར་ང་ཚོ་སུན་ཐག་ཆོད། གཤིན་རྗེ་ལགས། གྲུ་གཏོང་རྩིས་གནང་དང༌། ཅི་སྟེ་ནམ་མཁའི་དབྱིངས་དང་རྒྱ་མཚོའི་ཀློང་སྣག་ཚ་ལྟར་ནག་རུང༌། ང་ཚོའི་སེམས་འདི་འོད་སྣང་གིས་ཁེངས་པ་ཁྱེད་ཀྱིས་རྟོགས་སམ། ང་ཚོ་གཏིང་མཐར་འཛུལ་དགོས། དེ་དམྱལ་བ་ཡིན་ནམ་ལྷ་ཡུལ་གང་ལྟར་ཡང༌། རྟོག་ངོར་མེད་པའི་ས་གནས་ཤིག་ཏུ་འབྱོར་ན་ད་གཟོད"ངོ་མཚར"རྙེད་ཐུབ།
    དེ་ལྟར་སྙན་ངག་པས་རྩོམ་འགོ་ཚུགས་པའི་སྙན་ཚིག་དང་པོ"དཀོན་མཆོག་གི་དགོངས་གཞི་ལྟར་སུན་སྣང་སྐྱེ་དགོས་པའི་འཇིག་རྟེན་འདིར་བལྟམས་པ"ནས་རྩོམ་ཧྲིལ་བོའི་མའཇུག་མཐའ་ཚེ་སྲོག་གི་རྒྱུ་བ་བཅད་དེ་སླར་མཚོ་འགྲུལ་གྱི་ཐོག་ནས་ཁོ་པའི་ཡིད་ལ་བཅངས་པའི་ཚད་མེད་ཀྱི་ཡུལ་ཁམས་འཚོལ་བར་སོང་བ་བཅས་ཀྱི་སྒོ་ནས་ཁོའོ་ངལ་བ་འབྲས་མེད་ཀྱི་འཚོ་བའི་འགྲུལ་བཞུད་ལམ་ཚད་རྫོགས་པར་བྱས་སོ།།



དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com