༄༅།།བོད་ལྗོངས་ཀྱི་གནའ་དཔེ་དང་ཡིག་ཚགས་གཞི་གྲངས་ཅན་གྱི་མགྱོགས་ཚད་མཐོ་རུ་ཕྱིན་ཞིང་རྩ་ཆེའི་གནའ་དཔེ་འབོར་ཆེན་ཉེ་ལམ་སྤྲིན་དཔེ་ཀློག་མངོན་འགྱུར་བྱུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-16 11:28:50 ཀློག་གྲངས།:
སྤྱི་ཟླ3པའི་ཚེས12ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་གནའ་དཔེ་པོ་ཏི6000ལ་ཉེ་བའི་ཡིག་ཚགས་ཡོངས་ཞིབ་བཤེར་ཐོ་འགོད་དང་གཞི་གྲངས་ལེགས་སྒྲིག་སྒོས་ཡིག་ཚགས་སུ་བཀོད་པ་དང་། བོད་ཡིག་གི་གནའ་དཔེ་ཚད་ལྡན་ཡིག་ཚགསTB6གི་གཞི་གྲངས་ཅན་གྱི་གྲངས་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་ལ། གནའ་དཔེ་ཚད་ལྡན་ཡིག་ཚགས་གཞི་གྲངས་ཅན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་སྔར་ལས་ཇེ་མགྱོགས་སུ་སྐུལ་འདེད་བཏང་། 
འབྲེལ་ཡོད་ཆེད་མཁས་པའི་ཚོད་རྩིས་ལྟར་ན། མིག་སྔར་རང་རྒྱལ་གྱིས་ད་བར་བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཚགས་བསྡོམས་པས་ཕལ་ཆེར་པོ་ཏི་ཁྲི10ཡན་ཙམ་ཉར་ཚགས་བྱས་ཡོད་ཅིང་། དེའི་ལས50%ཡན་ཆད་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ཡིག་ཚགས་ཁང་སོགས་གཙོ་གནད་སྲུང་སྐྱོབ་ལས་ཁུངས་དང་། ལྗོངས་ཡོངས་ཀྱི་རྫོང་དང་ས་ཁུལ74ཡི་དགོན་པ1300ཡི་ནང་དུ་ཉར་ཚགས་བྱས་ཡོད། 
འདས་པའི་ལོ་གཅིག་གི་ནང་། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་དང་མཐུན་སྦྱོར་གྱིས་སོ་སོས་གནའ་དཔེ་དང་ཡིག་ཚགས་པོ་ཏི1256དང་པོ་ཏི884ཞིབ་བཤེར་ཐོ་འགོད་བྱས་པ་དང། ལྷོ་ཁ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ནོར་བུ་གླིང་ཁ་བཅས་ཀྱིས་བསྡོམས་པས་གནའ་དཔེ་ཡིག་ཚགས་པོ་ཏི3445ཡོངས་ཞིབ་བཤེར་དང་གཞི་གྲངས་སྤྱི་བསྡོམས། ལེགས་སྒྲིག གཏག་འཇུག་གནང་ལ། གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་པས་དཔེ་རྙིང་དང་ཡིག་ཚགས་པོ་ཏི1188ཞིབ་བཤེར་དང་། གཏོར་སྐྱོན་ཕོག་པའི་ཤོག་ངོས532ཉམས་གསོ་བྱས། 
གཞན་ཡང་། རྩ་ཆེ་བའི་གནའ་དཔེ་དག་གི་གསོན་ཤུགས་རྒྱས་པར། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ལོ་དུ་མར་འབད་བརྩོན་བྱས་བརྒྱུད། མིག་སྔར་པོ་ཏི167གྱི་ཤོག་ངོས24126དང་། བསྡོམས་པསTB5.94ཡི་རྩ་ཆེའི་བོད་ཡིག་གནའ་དཔེ་དང་ཡིག་ཚགས་གཞི་གྲངས་ཅན་གྱི་གྲངས་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་། 
བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས་བཤད་རྒྱུར། བོད་ཡིག་གནའ་དཔེ་གཞི་གྲངས་ཅན་གྱི་ལས་ཀའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཆེད། མིག་སྔར་གྱི་དཔེ་རྙིང་དང་ཡིག་ཚགས་ཉར་ཚགས་གཙོ་བོ་དང་བེད་སྤྱོད་ཞན་པའི་རྣམ་པ་བསྒྱུར་བ་དང་། འཆར་གཞི་ལྟར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཡིག་རྩ་ཆེའི་གནའ་དཔེ་ཡིག་ཚགས་གཞི་གྲངས་ཅན་གྱི་གྲངས་མཛོད་ཉེ་ཆར་ལེགས་འགྲུབ་འབྱུང་ངེས་པ་མ་ཟད། ཀློག་པ་པོས་དྲ་ལམ་དུ་གཟིགས་ཐུབ་པས། སྐབས་དེར་རྒྱ་ཆེ་བའི་མང་ཚོགས་ཀྱི་གཞི་གྲངས་ཅན་གནའ་དཔེ་ལྟ་ཀློག་གི་དགོས་མཁོ་སྔར་ལས་བསྐང་ཐུབ་པར་ངེས། 
གཞི་གྲངས་ལས་བསྟན་དོན། མིག་སྔའི་བར། བོད་ལྗོངས་སུ་བོད་ཡིག་ཡིག་ཚགས་པོ་ཏི18000ཞིབ་བཤེར་བྱས་ཟིན་ལ། ཡིག་ཚགས་པོ་ཏི291བདེ་བླག་ངང《རྒྱལ་ཁབ་ཀྱི་རྩ་ཆེ་བའི་གནའ་དཔེ་མིང་ཐོ》རུ་བདམས་ཐོན་བྱུང་བ་དང་། 《གངས་ལྗོངས་གནའ་དཔེ་གཏེར་མཛོད》སོགས་མུ་འབྲེལ་བོད་ཡིག་གནའ་དཔེ་དེབ་བཅུ་ལྷག་ཞིབ་བཤེར་སྲུང་སྐྱོབ་གྲུབ་འབྲས་ཀྱི་དཔེ་ཚོགས་རྩོམ་སྒྲིག་པར་བསྐྲུན་བྱས་ཤིང་། རིམ་རྩིས་ལྟར་ན་འཇིག་ཉེན་ཆེ་བའི་གནའ་དཔེ་ཤོག་གྲངས3000ཙམ་ཉམས་གསོ་དང་། གཞི་རིམ་གྱི་གནའ་དཔེ་ཉར་ཚགས་ལས་ཁུངས14ཡི་ཆ་རྐྱེན་ལེགས་བཅོས་ལས་གཞི་ལེགས་འགྲུབ་བྱུང་།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།