《གེ་སར་འཆམ》པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནང་ཚུད།

རྩོམ་པ་པོ།:སངས་རྒྱས་ཚེ་རིང་གིས་བསྒྱུར། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-10-16 17:46:08 ཀློག་གྲངས།:
མིག་སྔར། པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་བའི་པེ་ཅིང་མི་རིགས་གློག་བརྙན་འགྲེམས་སྟོན་ཐོག་དཔྱད་ཞིབ་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་མཚོ་སྔོན་ནས་ཕབ་སྐྲུན་བྱས་པའི་གློག་བརྙན《གེ་སར་འཆམ》ཚུད་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་གེ་སར་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་མཚོན་ཚུལ་ཁྱད་ཆོས་ཆེ་ཤོས། རིག་གནས་ཀྱི་ཁྱད་ཆོས་ཆ་ཚང་ཤོས། གཏམ་བཤད་རྒྱུན་འཛིན་པ་མང་ཤོས། ཤུགས་རྐྱེན་ཐེབས་རྒྱ་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་རེད། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དང་བསྟུན། གེ་སར་རིག་གནས་སྔོག་འདོན་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པ་དང་། འཆམ་དང་གཞས་མ་གཏམ་སོགས་ཀྱི་རྣམ་པས་ལོ་རྒྱུས་སྙན་ངག་གི་གསུང་རབ་དང་གཏམ་རྒྱུད་གསར་རྩོམ་བྱེད་པའི་རྣམ་པ་རྒྱུན་ཆད་མེད་པར་བྱུང་ཞིང་། གེ་སར་རིག་གནས་ཀྱི་བརྗོད་བྱ་དང་འབྲེལ་བའི་བརྩམས་ཆོས་ལ་བཀྲག་མདངས་འཚེར།
གློག་བརྙན《གེ་སར་འཆམ》ཞེས་པའི་ནང་མི་སྣ་གཙོ་བོ་བཀྲ་བདེ་སློབ་ཆུང་དུ་སྐྱོད་སྐབས་ཕ་མེས་ཀྱི་ཤུགས་རྐྱེན་འོག གེ་སར་འཆམ་ལ་ཧ་ཅང་དགའ་བ་སྐྱེས། ཆེད་ལས་རུ་ཁག་ཏུ་འཁྲབ་སྟོན་བྱེད་པར་འགྲོ་འདོད་པའི་འདུན་པ་ཆེ་མོད། འོན་ཀྱང་ལོ་ན་ཆུང་བས་ཕ་མ་གཉིས་འཐད་པ་མ་བྱུང་། ཕྱིས་སུ་བཀྲ་བདེ་ལ་རྫོང་རིག་གནས་ཁང་གི་འགོ་གཙོའི་རྒྱབ་སྐྱོར་ཐོབ་པ་དང་། སློབ་སྦྱོང་གི་ཞོར་དུ་དུས་ཚོད་བཙལ་ནས་གེ་སར་འཆམ་ལ་སྦྱང་བ་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱུང་བའི་གཏམ་རྒྱུད་ཅིག་རེད།
ད་ལོའི་ཟླ8པར། 《གེ་སར་འཆམ》རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་བསྟན་པ་རེད། གློག་བརྙན་ནང་གི་མགོ་ལོག་གི་མཛེས་ལྗོངས་དང་གདོད་མའི་རོལ་དབྱངས་ཀྱི་རྒྱུ་ཆས་ས་གནས་དེ་གའི་མི་ཆོས་ཀྱི་འཚོ་བ་དང་དངོས་ཡོད་ཀྱི་རྣམ་པ་མངོན་པར་བྱས་ཡོད་པས། ལྟད་མོ་བ་ཚོར་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཉམས་སུ་མྱོང་དུ་བཅུག་ཡོད།
འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཁྱུང་ལགས་ནི་གེ་སར་རིག་གནས་ཀྱི་ཕ་ས་དར་ལག་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་གེ་སར་སྒྲུང་ལ་མཐོང་ཐོས་མྱོང་གསུམ་ཡོད་པ་ཞིག་ཡིན་ལ། ཁོས་བཤད་རྒྱུར། གློག་བརྙན་དེའི་ཐོག་མའི་ཇུས་འགོད་དང་ཕབ་ལེན། མཐའ་མའི་སྒྲིག་བཟོ། དེ་ནས་ཐོག་མར་སྟོན་པའི་བར་དུས་ཡུན་ལོ་གསུམ་ལྷག་སྤྱད་པ་དང་། གློག་བརྙན་ཁྲོད་གཏམ་རྒྱུད་ཀྱི་གོ་རིམ་བརྒྱུད་ནས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བརྟན་སྲུང་དང་རྒྱུན་འཛིན་བྱེད་ཚུལ་མཚོན་པར་མ་ཟད། གློག་བརྙན་ནང་གི་འཁྲབ་སྟོན་པ་མང་ཆེ་བ་ནི་གེ་སར་རིག་གནས་ཀྱི་རྒྱུན་འཛིན་པ་ཡིན། ཁོ་རང་མཚོ་སྔོན་གྱི་གློག་བརྙན་པ་ཞིག་ཡིན་པའི་ཆ་ནས། རང་ཡུལ་ནས་ཕབ་སྐྲུན་བྱས་པའི་གློག་བརྙན་འདི་ལ་བརྟེན་ནས། མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་མངོན་པར་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་རྒྱུན་ཆད་མེད་པར་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།