སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རབ་གནས་ས་མོ་ཕག་ལོའི་ལོ་སར་ཤིས་ཚིག
རྩོམ་པ་པོ། རྟ་མགྲིན་ཚེ་བརྟན། རྩོམ་སྒྲིག་པ། Michung དུས་ཚོད། 2019-2-3 10:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རེ་བའི་དཔྱིད་དུ་བསྟམས་པའི་སྨོན་འདུན་གྱི་དྭངས་མ་ཤིས་ཚིག་དཀར་པོའི་ཁ་གཡང་ལ་དྲངས་ཏེ་ཡིད་ཀྱི་གཏིང་ནས་རྟེན་འབྲེལ་གྱི་ཞུ་ཚིག་དྲོན་མོ་བཀྲ་ཤིས་ཁ་བ་དཀར་པོའི་འབབ་རྒྱུན་ལ་བསྡོངས་ཏེ་གངས་ཅན་བསིལ་མོ་ལྗོངས་ཞེས་བྱ་རི་མཐོན་པོ་གནམ་གྱི་ཀ་བ་ཡོད་པ། ཀ་བ་མ་བཙུགས་ལྷུན་གྲུབ་ཡིན་པ། མཚོ་སྔོན་མོ་གཡུ་ཡི་མེ་ལོང་ཡོད་པ། མེ་ལོང་མ་ཕྱིས་རང་གསལ་ཡིན་པ། སྤང་སེར་པོ་གསེར་གྱི་ཁ་རྒྱན་ཡོད་པ། ཁ་རྒྱན་མ་བཅོས་རང་འགྲུབ་ཡིན་པ། གནམ་ལ་ཉི་ཟླ་འཛོམས་པ། ས་ལ་དགེ་བཅུ་ཚང་བ། ཡུལ་ལ་རྟགས་བརྒྱད་འཛོམས་པ། ལྷ་མོ་མང་པོས་དབྱངས་སྒྲོག་པ། ཀླུ་མོ་ཀུན་གྱིས་གར་བྱེད་པ། ཕོ་མོ་ཀུན་གྱིས་ལས་ལ་འབད་པའི་བོད་ཡུལ་ཆོལ་ཁ་གསུམ་དུ་གྲགས་ཤིང་སྙན་པའི་རྔ་སྒྲ་ཕྱོགས་ཀྱི་རྨ་བྱའི་རྣ་བར་འཇོ་ཞིང་། མཐོང་བ་ཀུན་སྨོན་གྱི་ཡུལ་ཁམས་སུམ་རྩེན་གཉིས་པར་འཁུམས་པའི་ཡུལ་གྱི་ཕང་བར་སྐྱེ་འགྲོ་ཀུན་གྱིས་སྒེག་པའི་ཉམས་དང་དགའ་བའི་ཡིད་ཀྱིས་མཆོད་ཅིང་བསྟོད་ལ་དང་བར་བྱེད།
     དུས་བཞིའི་སོ་ནམ་ལས་ལ་འབད་པའི་ཕོ་མོ་ཀུན་གྱི་དགོད་སྒྲ་དྭངས་མོས་འཇིག་རྟེན་ཚངས་པའི་དབྱངས་ཀྱང་ཟིལ་གྱིས་མནན་ཏེ་ཆགས་སྡང་མངོན་པར་གསལ་བའི་ལོ་ཟླ་ཡི་རི་མོ་བཀོད་ཅིང་། རྒན་མགོ་དཀར་ཐམས་ཅད་སྲིད་པ་ཆགས་པའི་གངས་རྒན་ཇི་བཞིན་ཚེ་རིང་ནད་མེད་ལྷུན་ནེར་བརྟན་ཅིང་། གཞོན་སོ་དཀར་མ་ལུས་བསྐལ་བ་བསྲིངས་བའི་རྨ་ཀླུང་ཇི་བཞིན་ཚེ་བསོད་དཔལ་རྒྱས་ལྷང་ངེར་བཀྲ་བའི་སྨོན་ཚིག་དེ་ལོ་གསར་བའི་ཕྱྭ་གཡང་དང་དངོས་གྲུབ་ཡོངས་སུ་བལྟམས་པའི་མ་དང་མཁའ་འགྲོ་ཀུན་གྱི་དགྱེས་པའི་གསོལ་བསྟོད་གྱེར་བའི་མགུར་དབྱངས་ཀྱིས་བརྒྱན། དགུན་གྱི་བུ་མོས་གོས་དཀར་བསྣམས་ཏེ་ནོར་འཛིན་སྒེག་མོ་དངུལ་གྱི་རྒྱན་གྱིས་སྤུད་དང་གཉིས་སུ་མེད་པའི་བརྟུལ་ཞུགས་བཟུང་། དེ་ནི་སྐྱོ་བ་སྟོང་སངས་ཀྱི་རྟེན་འབྲེལ་ཞིག་མངོན་དུ་བསྟར་བའི་རེ་བའི་ལྟས་བཟང་ཞིག་སྟེ། རིང་བོ་མི་འགོར་བར་ལོ་སར་གྱི་དགའ་འབོད་ཆེན་མོ་དབང་ལྔ་གསོ་བའི་བཅུད་དུ་རྒྱས་ཤིང་། ཐག་རིང་ཡུལ་གྱིས་བསྐལ་བའི་མཛའ་གྲོགས། ཐག་ཉེ་དུངས་བས་བཅིངས་པའི་སྤུན་ཟླ། ཕུ་ནུ་སུམ་འཛོམས་དང་ཤ་ཉེ་ཀུན་འཛོམས། མདོར་ན་ཕུན་སུམ་ཚོགས་པའི་ཕྱི་ཡི་སྣོད་བཅུད་ལེགས་ཤིང་ཕུན་སུམ་ཚོགས་པའི་ནང་གི་སྐྱེ་འགྲོ་གྲོལ་ཏེ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཤིང་། ལེགས་ཚོགས་ཀུན་གྱི་ལེགས་ཚོགས་པ།དགུང་ལ་ཉི་ཟླ་གཟའ་སྐར་འཕྲོད་པ། ས་ལ་སྨོན་འདུན་ཡོ་ལང་རྒྱས་པའི་དུས་བཟང་རྫོགས་ལྡན་ངང་གིས་ཤར་ཡོང་།
     ལོ་གསར་བ་ཚེས་པའི་དུས་བཟང་གི་ཉིན་བཟང་སྐར་བཟང་ལ། ངེད་མཚོ་སྔོན་པོ་དྲ་བའི་ལས་མི་ཡོངས་ཀྱིས། སེམས་པ་སྤྲོ་བས་སྔོན་བསུས་ཏེ། འགྲོ་ཀུན་བདེ་བའི་སྨོན་འདུན་སྙིང་ནས་ཞུ། མགོ་ནག་སྐྱིད་པའི་སྨོན་ལམ་བཟང་བོ་ཞུ། རྒྱལ་ཁམས་བདེ་བའི་བཀྲ་ཤིས་བདེ་ལེགས་ཞུ། སྒོས་སུ་ལས་དབང་དར་གྱི་སྐུད་པ་གཅིག་ཏུ་བརྒྱུས་པའི་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་རིགས་མཐུན་སྤུན་ཟླ་ཡོངས་ཀྱི་ལུས་ལ་ནད་མེད་འབྱུང་ཁམས་རྟག་བདེ་ཞིང་། ལས་ལ་གེགས་མེད་མཛད་འཕྲིན་རྟག་བརྟན་ལ། རེ་བའི་བསམ་པ་ལྷུན་གྱིས་འགྲུབ་པ་དང་མཛད་པའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...