སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་ནུ་སྐལ་བཟང་བཀྲ་ཤིས་ཀྱིས་བྲིས་པའི《ཡིག་གཟུགས་མཐོང་བ་དགའ་སྐྱེད》དང《ཡིག་གཟུགས་སྦྱོང་དེབ》 པར་དུ་བསྐྲུན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-4-10 15:08:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཨ་ནུ་སྐལ་བཟང་བཀྲ་ཤིས་ཀྱིས་བྲིས་པའི《ཡིག་གཟུགས་མཐོང་བ་དགའ་སྐྱེད》དང
《ཡིག་གཟུགས་སྦྱོང་དེབ》 པར་དུ་བསྐྲུན་པ།

     ཉེ་ལམ། ཨ་ནུ་སྐལ་བཟང་བཀྲ་ཤིས་ཀྱིས་བྲིས་པའི《ཡིག་གཟུགས་མཐོང་བ་དགའ་སྐྱེད》དང《ཡིག་གཟུགས་སྦྱོང་དེབ》 བཅས་དཔེ་དེབ་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
     དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་འགྲོ་བའི་བརྡ་འཕྲིན་གྱི་དུས་རབས་འདིར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་བུར་དེ་ལས་ལྡོག་སྟེ་ཟླ་བ་མར་ངོ་བཞིན་འགྲིབ་པ་ལས་ཟླ་བ་ཡར་ཚེས་བཞིན་དུ་འཕེལ་བའི་དུས་སྐབས་ཉག་ཕྲ་བ་མིག་མཐོང་ལག་ཟིན་དུ་གྱུར་བས། ཨ་ནུ་སྐལ་བཟང་བཀྲ་ཤིས་ཀྱིས་ལས་དང་པོ་བ་ཚོར་ཕན་པ་ཅུང་ཟད་ཙམ་དང་སྲོལ་བཟང་མ་ཉམས་གོང་འཕེལ་ཐད་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུ་རིང་མོ་ཞིག་གི་དོད་དུ《ཡིག་གཟུགས་མཐོང་བ་དགའ་སྐྱེད》ཅེས་པའི་ཡིག་གཟུགས་ཀྱི་ཕྱི་མོ་འདི། དེང་གི་བོད་པའི་ཡིག་གཟུགས་གསར་སློབ་པ་རྣམས་ལ་སྨན་པའི་རྒྱུ་དང་ལྟོགས་པའི་ཟས་ སུ་འགྱུར་བར་སྨོན།

     ཡིག་གཟུགས་མ་ཕྱིའི་དེབ་འདིའི་ཁྱད་ཆོས་གཙོ་བོ་དག་ལས། གཅིག་ནི་ཐིག་རྩ་ལྟར་བྲིས་ཡོད་ལ་ཡིག་གཟུགས་ཀྱི་རུས་སྒྲོམ་ལ་འགྱུར་བ་གང་ཡང་བཏང་མེད། གཉིས་སུ་བོད་ཀྱི་ཡིག་མཁན་ཚོར་དཔྱད་གཞིར་མཁོ་བའི་དཔེ་རྙིང་ཁྱུང་བོ་གཡུ་ཁྲིས་མཛད་པའི་ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བའི་དེབ་འདིར་འཁོད་ཡོད། དེ་ཡང་དཔེ་རྒྱུན་ཉམས་ལ་ཁད་ཡོད་རྐྱེན་ཚང་མར་དགོས་མཁོ་ཆེ་བར་འདུག་སྙམ། གསུམ་དུ་ཡིག་གཟུགས་བསླབ་དེབ་ཀྱི་སྒྲིག་གཞི་ལྟར་གཞུང་ལུགས་ཀྱི་ཆ་དང་དྲི་བ་དྲིས་ལན། ཐུ་མིའི་གོང་གི་ཡིག་གཟུགས།བསྟན་པ་སྔ་དར་དུས་ཀྱི་ཡིག་གཟུགས། སྐུང་ཡིག མཛེས་རྩལ་ཡིག་གཟུགས་སོགས་ཁ་ཚང་བར་བྱས་ཡོད།
     འཇུ་མི་ཕམ་མཆོག་གིས། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།།དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།།ཞེས་གསུངས་བ་ནང་བཞིན་འབྲི་ཀློག་གཉིས་ནི་ཆེས་གལ་ཆེན་དུ་རིགས་སོ།།
 

     ཨ་ནུ་སྐལ་བཟང་བཀྲ་ཤིས། ཕོ། བོད་རིགས། 1978ལོར་མཛོད་དགེ་སྟོད་ཀྱི་ཆར་རུ་སྟོད་མའི་ཡུལ་ཚོ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་བརྒྱུད་མཐར་སྤྱི་ལོ2000ལོ་ནས་བཟུང་དགེ་རྒན་གྱི་བྱ་བ་གཉེར། ད་ལྟ་རྨ་ཆུ་རྫོང་བོད་སློབ་འབྲིང་གི་ཡིག་གཟུགས་དང་རི་མོའི་དགེ་རྒན་ཡིན། ཀན་སུའུ་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་རྨ་ཆུ་རྫོང་བོད་ཀྱི་སྲོལ་རྒྱུན་རི་མོ་སྲུང་སྤེལ་ལྟེ་གནས་ཀྱི་ཁོངས་མི།ན་ནིང་ལོར་ཆེད་དུ་ཡིག་གཟུགས་རིག་གནས་ཀྱི་ཚོང་རའི་དགོས་མཁོ་དང་ལས་དང་བོ་བར་མཐུན་རྐྱེན་ཨེན་ཙམ་རེ་ཡོང་ཕྱིར་ཨ་ནུ་རྟགས་ཅན་བོད་ཀྱི་ཡིག་ཆས་ལས་སྣོན་བྱེད་བཞིན་ཡོད། བརྩམས་ཆོས་ལ《ཡིག་གཟུགས་མཐོང་བ་དགའ་སྐྱེད》དང《ཡིག་གཟུགས་སྦྱོང་དེབ》བཅས་སོ།།
     མདོར་ན། དགེ་ཆོས་ལགས་ཀྱིས། རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གི་ནུས་པ་སྲི་ཞུ་ཅུང་ཟད་སྒྲུབ།། ཅེས་གསུང་པ་བཞིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...