སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ》པར་གཞི་བརྒྱད་པ་པར་བསྐྲུན་འགྲེམ་སྤེལ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-4-14 10:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྙིང་རྗེ་ལས་སྐྱེས་པའི་ཤེས་རབ》པར་གཞི་བརྒྱད་པ།

     དོར་ཞི་གདོང་དྲུག་སྙེམས་བློས་བྲིས་པའི《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ》པར་གཞི་བརྒྱད་པ་དེ་བོད་མིའི་རིག་གནས་དྲ་བས་ཞིབ་ཚགས་སྒོས་སྒྲིག་བཅོས་བྱས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ལ། ཟླ4བ་ནས་བཟུང་། རྒྱལ་ཡོངས་ས་གནས་སོ་སོའི་དཔེ་ཁང་གི་ཚོང་རར་འགྲེམ་སྤེལ་བྱེད་པ་རེད། དཔེ་དེབ་འདི་ནི་དེང་གི་མིས་ཡང་དག་པའི་སྒོ་ནས་ནང་བསྟན་ལ་ངོས་འཛིན་དང་ནང་ཆོས་སློབ་སྦྱོང་བྱེད་པར་ལམ་ཕྱོགས་གསལ་བོ་བཏོན་ཡོད།
ཞར་བཀོད།
སློབ་དཔོན་ཆེན་མོ་དོར་ཞིའི་ངོ་སྤྲོད་མདོར་བསྡུས།
     འབུམ་རམས་པའི་ཁྲིད་སྟོན་སློབ་དཔོན་ཆེན་མོའམ་བོད་ཀྱི་གཙུག་ལག་སྨྲ་བའི་དེད་དཔོན་མཁས་དབང་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་ཡིན་ལ།  ཁོང་ཉིད་བོད་ཀྱི་རིག་གཞུང་ཆེན་མོའི་ཤེས་བྱའི་གནས་མཐའ་དག་ལ་འཇུག་པ་ཡངས་པར་མ་ཟད།  རྒྱ་བརྒྱུད་ནང་བསྟན་དང༌།  ལོ་རྒྱུས་རིག་གནས་ལ་ནང་བྱན་ཆུད་པས་རྒྱའི་མཁས་པའི་ཁྲོད་དུའང་སྙན་པའི་གྲགས་པ་མཐོ།   དང་པོ་གཞུང་ལུགས་ཐོས་པ་རྒྱ་ཆེར་བཙལ་བ་ནས།  ད་ལྟའི་བར་དུ་བོད་ཀྱི་སློབ་གསོ་དང་རིག་གཞུང་ཞིབ་འཇུག་གི་ལས་གཅིག་ལྕོགས་བཞེས་པའི་ཞོར་ལ་རྒྱ་བོད་ཡིག་རིགས་གཉིས་ཀའི་སྟེང་ནས་ནང་བསྟན་ཆོས་ལུགས་དང༌།  བརྡ་སྤྲོད།  སྙན་གཞུང༌།  ལོ་རྒྱུས་སོགས་ཀྱི་གཞུང་དེབ་ཉི་ཤུར་ཉེ་བ་བརྩམས་ཤིང༌། དེང་རབས་བོད་ཀྱི་མཁས་པའི་ཁྲོད་དུ་རིག་པ་སྨྲ་བའི་ཁྱུ་མཆོག་ཏུ་ངེས་པ་དོན་གྱིས་གྲུབ་འདུག​ལྷག་པར་ཉེ་བའི་ལོ་འགའི་རིང་ལ་བོད་བརྒྱུད་ནང་བསྟན་སྐོར་གྱི་སྙིང་རྗེ་ལས་སྐྱེས་པའི་ཤེས་རབ་ཅེས་པའི་དེབ་ཕྲེང་རྒྱའི་སྐད་དུ་བརྩམས་པས།  རྒྱའི་ཀློག་པ་པོ་དང་ནང་བསྟན་ཞིབ་འཇུག་པ་ཚོས་ཧི་མ་ལ་ཡ་ནས་ཐོན་པའི་ཤེས་རབ་ཀྱི་སྤྱི་ནོར་དང་ནང་བསྟན་མཚན་ཉིད་དང་ལྷག་པར་བོད་བརྒྱུད་ནང་བསྟན་གཙུག་ལག་སྟོང་གི་གི་ཕྱི་མོ། རྒྱའི་ཀློག་པ་པོའི་ཁྲོད་དུ་ཆེས་བྲིན་པའི་བསྟན་བཅོས་སོགས་ཀྱི་བསྟོད་པའི་བ་དན་སྒྲེང་བར་བྱེད།   ད་དུང་ཁོང་གིས་མཛད་པའི་ནང་དོན་རིག་གཞུང་གི་སྒྲོམ་གཞི་ཞེས་པའི་དེབ་དང༌།  ནང་བསྟན་སྙིང་པོ་རྟེན་འབྲེལ་ཞེས་པ་གཉིས་ཨ་རིའི་ཁཱ་ལི་སྤུར་ནིས་ཡའི་མངའ་སྡེའི་སློབ་གྲྭ་ཆེན་མོའི་མི་རིགས་རིག་པའི་སློབ་དཔོན་ཡིས་ཏན་དང༌།  དབྱིན་ཇིའི་ཁམ་ཟམ་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ལྕམ་ལྗ་ཁི་ལེན་ཧོའོ་ཕི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཨ་རྡོར་སོགས་ཀྱིས་དབྱིན་ཇིའི་སྐད་དུ་བསྒྱུར་ཡོད།​ དེ་ལས་ཀྱང༌། ཐེ་བན་དང་ཞང་ཀང་སོགས་ཀྱི་ནང་བསྟན་པར་ཁས་འཆེ་བ་ཁ་ཤས་ཀྱིས་བོད་བརྒྱུད་གསང་སྔགས་ནང་བསྟན་མ་ཡིན་པའི་དགག་རྩོམ་འགལ་འདུའི་ཕུང་པོ་སྤུངས་པའི་ཡིག་ཆ་སྤེལ་པར། ཁོང་གིས་བདུད་སྡེ་འདུལ་བའི་ཐོགས་མདའ་ཞེས་པ་དང་དང༌། བོད་བརྒྱུད་ནང་བསྟན་གསང་སྔགས་ལས་འཕྲོས་པའི་གནད་དོན་ཁ་ཤས་སོགས་སྤེལ་ནས།  རིགས་པ་ཞིབ་མོས་ལོག་པར་སྨྲ་བའི་སྡེའི་ཚིག་དོན་གྱི་འཁྲུལ་བ་རྣམ་པར་འཐག་པས། རེ་ཞིག་ཁ་ལ་རྒྱ་བཏབ་སྟེ་དེ་དག་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པ་སོགས་ཀྱི་མཛད་འཕྲིན་ལ་གནས་པས་ན།  ཁོང་ཉིད་ལ་དེང་དུས་ཀྱི་ས་པཎ་ཞེས་པའི་མཚན་སྙན་ཡང་འདོགས་པར་འོས་པ་ལགས་སོ།།​དེ་ལས་ཁོང་གིས་བསྐྱངས་པའི་སློབ་མ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་མོད།  ད་ལྟའི་དུས་སུ་བོད་ཁམས་ན་སློབ་གསོ་དང་ཞིབ་འཇུག་གི་ལས་ལ་གཞོལ་ནས་ཁོང་གི་ཐུགས་ཀྱི་བགྱི་བ་དང་དུ་ལེན་བཞིན་པ་འགའ་རེ་ཕྱོགས་ཙམ་བརྗོད་ན། རྒྱ་ཡེ་བཀྲ་ཤིས་ཕུན་ཚོགས། ཁ་སྒང་བཀྲ་ཤིས་ཚེ་རིང༌། བདུད་ལྷ་རྒྱལ། འབྲོང་བུ་ཚེ་རིང་རྡོ་རྗེ།  ཁུ་བྱུག  བན་ཁོ། འབའ་གཞུང་རིན་ཆེན་ཚེ་རིང༌། ཁྲི་བསམ་གཏན།  པད་མ་འབུམ། སྒོམ་པ་བཀྲ་ཤིས། རེབ་གོང་རྡོ་རྗེ་མཁར་སོགས་མང་ངོ་།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...