སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱ་བཟའི་ལྷུན་གྲུབ་ཀྱིས་རྩོམ་སྒྲིག་མཛད་པའི《ལྷུན་གྲུབ་སྒྲོལ་མའི་བེའུ་བུམ་ཆེན་མོ》པར་དུ་བསྐྲུན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-11-11 8:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ལྷུན་གྲུབ་སྒྲོལ་མའི་བེའུ་བུམ་ཆེན་མོ།

     ད་ལོར། མཁྱེན་རབ་ཉི་མ་འོད་ཟེར་རམ་རྒྱ་བཟའི་ལྷུན་གྲུབ་ཀྱིས་རྩོམ་སྒྲིག་མཛད་པའི《ལྷུན་གྲུབ་སྒྲོལ་མའི་བེའུ་བུམ་ཆེན་མོ་རིན་ཆེན་གཏེར་གྱི་བང་མཛོད》ཅེས་པོད་བརྒྱད་ཀྱི་བདག་ཉིད་ཅན་འདི་པར་བསྐྲུན་འགྲེམ་སྤེལ་བྱས།

དཔེ་སྐྲུན་གསལ་བཤད།

     འཕྲིན་ལས་དང་སྒྲུབ་པ་ཤིན་ཏུ་མྱུར་བའི་ལྷ་རྒྱལ་བ་རྣམས་ཀྱི་ཡུམ་ཆེན་མོ་རྗེ་བཙུན་འཕགས་མ་སྒྲོལ་མའི་བྱུང་བ་དང་ནུས་མཐུ་སོགས་ཆ་ཤས་ཙམ་བརྗོད་ན། ལྷ་འདིས་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཏེ་བྱ་བའི་ནུས་མཐུ་དང་བཀོད་པ་མཚོན་པར་བཤད་ལ། ཁྱད་པར་དུ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་དང་། སྐུ་མདོག་གིས་བྱ་གྲུབ་ཡེ་ཤེས་ཏེ་འཕྲིན་ལས་དང་། ཕྱག་མཚན་གྱིས་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་མཚོན་པ་དང་། སྤྱིར་ལས་ཐམས་ཅད་དང་ཁྱད་པར་དུ་དབང་གི་ལྷ་ཡིན་པར་བསྟན་པ་དང་། ལྷ་འདིའི་རྒྱུད་ལ་འབུམ་ཕྲག་བརྒྱ་བ་དང་དྲུག་པ། སྟོང་ཕྲག་བཅུ་གཉིས་པ།  སྟོང་ཕྲག་གཅིག་པ་བཅས་ཡོད་པར་གསུངས་པ་དང་། སྟོན་པ་ཐུབ་པའི་དབང་བོ་འདས་ནས་ལོ་སུམ་བརྒྱ་ན་ལྷ་འདིའི་རྒྱུད་ཕྱི་མ་ཨུ་རྒྱན་ནས་རྒྱ་གར་དུ་ཕེབས་པར་བཤད་ལ།   དེ་ནས་བོད་དུ་དར་ཆེ་བ་བྱ་རྒྱུད་ཇོ་ལུགས་པ་དང་། བླ་མེད་ཉི་སྦས་ལུགས་གཉིས་ཡིན་ཞིང་། རྗེ་བཙུན་སྒྲོལ་མ་ནི་བྱ་རྒྱུད་ཀྱི་བདག་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་ཡུམ་ཡིན་པ་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་འདི་ཉིད་སྣ་ཚོགས་འོད་ཅེས་བྱ་བའི་འཇིག་རྟེན་དུ་རྒྱལ་བོའི་སྲས་མོ་ཡེ་ཤེས་ཟླ་བ་ཞེས་བྱ་པར་གྱུར་པའི་ཚེ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བའི་དམ་བཅས་ཏེ་ཏིང་ངེ་འཛིན་ལ་དབང་བསྒྱུར་པས་སེམས་ཅན་འགྲོ་བ་མང་བོ་འཁོར་བ་ལས་སྒྲོལ་བར་མཛད།

     དེ་བཞིན་གཤེགས་པ་དོན་གྲུབ་ཅེས་བྱ་བའི་དྲུང་དུ་འགྲོ་བ་རྣམས་ཉེ་བར་འཚེ་བ་ལས་སྐྱོབ་པའི་དམ་བཅས་ཏེ་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པ་ནི་ཡོངས་སུ་གྲགས་པའི་ལོ་རྒྱུས་ལྟར་ཡིན་ལ། འཇིགས་པ་བརྒྱད་ལས་བསྐྱབས་ཚུལ་ནི།  དང་པོ། ང་རྒྱལ་སེང་གེའི་འཇིགས་པ་ལས་བསྐྱབས་པ་ནི། སྔོན་ཤིང་འཐུ་བུ་མོ་སེང་གེ་བཀྲེས་པ་དང་འཕྲད་ནས་ཟ་བར་བརྩམས་ཚེ། རྗེ་བཙུན་མ་སྒྲོལ་མར་གསོལ་བ་བཏབ་པས།  སེང་གེ་ཁ་ལས་བླངས་ནས་བསྐྱབས་པ་དང་། གཉིས་པ། གཏི་མུག་གླང་པོའི་འཇིགས་པ་ལས་བསྐྱབས་པ་ནི།  སྔོན་བུ་མོ་ཆུང་བ་ཞིག་མེ་ཏོག་འཐུ་རུ་སོང་བ་གླང་ཆེན་གཏུམ་པོའི་སྣས་བཅིངས་ཏེ་མཆེ་བ་བསྣུན་པར་བརྩམས་ཚེ་སྒྲོལ་མར་གསོལ་བ་བཏབ་པས། གནོད་འཚེ་དང་བྲལ་ནས་རྒྱལ་བོའི་བཙུན་མོར་གྱུར་པ་ལྟ་བུ་དང་། གསུམ་པ།  ཞེ་སྡང་མེའི་འཇིགས་པ་ལས་བསྐྱབས་པ་ནི།  ཤ་འཁོན་ཅན་གྱི་དགྲ་བོས་མེ་སྦར་བ་ན་བྲོས་ཀྱང་མ་ཐར་བར་སྒྲོལ་མར་གསོལ་བ་བཏབ་པས་གློ་བུར་དུ་ཆར་ཆེན་པོ་གཉའ་ཤིང་ཙམ་བབས་ནས་བསྐྱབས་པ་དང་། བཞི་བ། ཕྲག་དོག་སྦྲུལ་གྱི་འཇིགས་པ་ལས་བསྐྱབས་པ་ནི། སྔོན་ཡང་མུ་ཏིག་གི་དོ་ཤལ་གྱི་ཆེད་དུ་སྨད་འཚོང་མའི་ལུས་ལ་དུག་སྦྲུལ་གྱིས་འཁྲིལ་བའི་ཚེ། རྗེ་བཙུན་སྒྲོལ་མར་གསོལ་བ་བཏབ་ནས། སྦྲུལ་དེ་མེ་ཏོག་གི་ཕྲེང་བར་གྱུར་ནས་ཞག་བདུན་ལུས་ཀྱི་རྒྱན་དུ་གྱུར་པ་ལྟ་བུ་དང་།  ལྔ་བ། ལྟ་ངན་རྐུན་པོའི་འཇིགས་པ་ལས་བསྐྱབས་པ་ནི། ཡུལ་བྷ་རུའི་ཚོང་དཔོན་ཆེན་པོ་མ་རུའི་ཡུལ་དུ་ཆས་པའི་ལམ་དུ་འབྲོག་དགོན་ཤ་ཟའི་ཆོམ་རྐུན་སྟོང་ལྷག་གིས་བཅོམ་པ་ན། རྗེ་བཙུན་སྒྲོལ་མར་གསོལ་བ་བཏབ་པས། གློ་བུར་གོ་མཚོན་ཐོགས་པའི་དཔའ་བོ་མང་པོ་བྱུང་སྟེ་ཆོམ་རྐུན་རྣམས་རྒྱང་དུ་བསྐྲད་ནས་བདེ་བར་ཕྱིན་པ་ལྟ་བུ་དང་། དྲུག་པ། སེར་སྣའི་ལྕགས་སྒྲོག་གི་འཇིགས་པ་ལས་བསྐྱབས་པ་ནི། རྐུན་པོ་ཆང་གིས་བཟི་ནས་རྒྱལ་བོའི་བཙོན་རར་ལྕགས་སྒྲོག་གིས་བཅིངས་པ་ན་སྒྲོལ་མར་གསོལ་བ་བཏབ་ནས། འདབ་ཆགས་ཁ་དོག་ལྔ་ལྡན་བྱུང་ནས་ལྕགས་སྒྲོག་བཀྲོལ་ཏེ་བསྐྱབས་པ་དང་རྗེས་ནས་ཆོམ་རྐུན་སོགས་ཀྱི་ལས་སྤངས་ནས་དགེ་སྒྲུབ་ལ་སྦྱར་བ་ལྟ་བུ་དང་། བདུན་པ། འདོད་ཆགས་ཆུའི་འཇིགས་པ་ལས་བསྐྱབས་པ་ནི། ཚོང་དཔོན་ཆེན་པོ་མི་གྲངས་ལྔ་སྟོང་ཙམ་ཡོད་པ་གྲུ་ཆེན་གསུམ་དང་བཅས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རིན་པོ་ཆེ་དང་ཙན་དན་ས་མཆོག་གིས་བཀང་ནས་ཕྱིར་ལྡོག་པའི་ལམ་དུ་གྲུ་ཐག་ཆད་ནས་གྲུ་རྣམས་སྣུབ་ལ་ཁད་པ་བྱས་ནས་ཚོང་བ་ཚང་མའི་ལྷ་གཞན་ལ་གསོལ་བ་བཏབ་ཀྱང་མ་ཕན་པར། དགེ་བསྙེན་ཞིག་གིས་སྒྲོལ་མར་གསོལ་བ་བཏབ་ནས།  དེ་མ་ཐག་མཐུན་པའི་རླུང་གིས་གྲུ་ཚང་མ་ཞག་གཅིག་ལ་འཛམ་བུ་གླིང་དུ་སླེབས་པ་ལྟ་བུ་དང་། བརྒྱད་པ། ཐེ་ཚོམ་ཤ་ཟའི་འཇིགས་པ་ལས་བསྐྱབས་པ་ནི། སྔོན་རྒྱ་གར་ཤར་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ཏུ་དགེ་འདུན་རྣམས་ནུབ་རེ་བཞིན་རེ་རེ་ཤི་ནས་བྲི་ཞིང་། ནུབ་ཅིག་དགེ་ཚུལ་ཞིག་ཕྱི་རོལ་དུ་སོང་བས། ཤ་མདོག་ནག་ཅིང་མཆེ་བ་གཙིགས་པ་ཞིག་གིས་མགོ་ནས་བཟུང་བས། ཁོས་སྒྲོལ་མ་ལ་གསོལ་བ་བཏབ་ནས་ལྷ་མོ་ནག་མོ་རལ་གྲི་ཐོགས་པ་བྱུང་ནས་ཤ་ཟ་མོ་དེ་ལ་བསྡིགས་པས།  ཤ་ཟ་དེས་ས་འོག་ཏུ་བུམ་པ་མུ་ཏིག་གིས་བཀང་བ་བླངས་ནས་དགེ་ཚུལ་ལ་ཕུལ་ཏེ་བཟོད་གསོལ་བྱས་པ་ལྟ་བུ་རྣམས་ནི་རྗེ་བཙུན་སྒྲོལ་མས་འཇིགས་པ་བརྒྱད་ལས་བསྐྱབས་པའི་ལོ་རྒྱུས་མངའ་བ་འདི་རྣམས་ཡིན།
     གཞན་ཡང་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་ཀྱི་ཆ་རྣམས་ཀྱང་མང་། སྐུའི་ཡོན་ཏན་གྱི་ཆ་ཤས་ཙམ་བརྗོད་ན། སྐུའི་གཡས་ན་མྱ་ངན་མེད་པའི་འོད་ཟེར་འཕྲོ་བ་དང་གཡོན་ན་རལ་གཅིག་མ་སྐུ་མདོག་སྔོ་ལ་སྤྲིན་མེད་ནམ་མཁའི་མཛེས་སྡུག་འཕྲོག་པ། ཁྲོ་ཆགས་བརྗིད་པའི་ཉམས་དང་ལྡན་པ། འཁོར་དུ་ལྷ་མོ་ཕྱག་མཚན་མི་འདྲ་བ་མང་པོ་འདུག་པ། ཞལ་ནས་དྲུག་ལྡན་གླུ་གཞས་ལེན་པ། རྐང་པས་མཛེས་སྡུག་གར་ལ་བསྒྱུར་བ། ཕྱག་གིས་གདུགས་དཀར་པོ་གསེར་གྱི་ཡུ་བ་དང་། རྔ་ཡབ་དང་ནོར་བུ། བཻཌཱུརྱའི་པི་ཝང་དང་གསེར་གྱི་གླིང་བུ་སོགས་མཆོད་པའི་ལྷ་མོ་མང་པོས་རྟག་ཏུ་མཆོད་པ་དང་། ལྷ་མོ་དཔལ་མོ་དང་ལེགས་བརྗོད་མ་དང་། རི་སྐྱེས་མ་ལ་སོགས་པའི་ཡིད་འོང་འཆི་མེད་བུ་མོ་སྟོང་ཕྲག་མང་པོས་ཀྱང་རྗེ་བཙུན་མ་སྒྲོལ་མའི་སྐུའི་ཆ་ཤས་ཙམ་དང་བྲན་མོ་ཙམ་ཡང་ཐོབ་དཀའ་བའི་མཛེས་སྡུག་གི་སྐུ་ལ་ཕྱག་འཚལ་བ་དང་། གསུང་གི་ཡོན་ཏན་ནི། སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་ཐུགས་རྗེའི་ཆུ་འཛིན་རྒྱས་པའི་ཀློང་ཡངས་ནས། གསུང་རྣ་བར་སྙན་ཅིང་རྒྱུན་རིང་དུ་གྲགས་པ་ཚངས་པའི་དབྱངས་ཀྱིས་གདུལ་བྱའི་འཛིན་མར་ཁེབ་པ་ཡན་ལག་བརྒྱད་ལྡན་གྱི་ཆོས་ཀྱི་ཆར་བ་ཆེན་པོ་དུས་ཀུན་ཏུ་འབེབས་མཁས་མ་ལ་ཕྱག་འཚལ་ལོ་ཞེས་དང་། ཐུགས་ཀྱི་ཡོན་ཏན་ནི།  ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་མཁྱེན་པ་དང་། ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་སོགས་ཡོན་ཏན་རྒྱ་མཚོའི་གཏེར་དུ་གྱུར་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་སུས་ཀྱང་བརྗོད་པར་མི་ནུས་ལ། ལས་ཀྱི་སྨོན་པ། མོས་པ་སྣ་ཚོགས། ཁམས་དང་། དབང་བོ་མཆོག་དང་མཆོག་མིན། འགྲོ་བའི་ལམ། ཀུན་ཉོན་དང་རྣམ་པར་བྱང་བ། སྔོན་དོན་རྗེས་དྲན། འཆི་འཕོ་དང་སྐྱེ་བ། ཟག་པ་ཟད་པ་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་སྟོབས་བཅུ་མངའ་བའི་ཐུགས་དང་ལྡན་པས་མཁྱེན་རབ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ་ཞེས་དང་། སྡུག་བསྔལ་ཀུན་གྱི་ས་བོན་ཞི་བའི་གོ་འཕང་བརྙེས་ཀྱང་ཐུགས་རྗེ་ཆེན་པོས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གྱི་རྒྱ་མཚོའི་ཀློང་དུ་བྱིང་བའི་མ་རྒན་འགྲོ་བ་ཐུགས་རྗེའི་ཕྱག་རིང་བརྐྱངས་ནས་འདྲེན་པར་མཛད་པའི་བརྩེ་བ་མཐར་ཕྱིན་མ་ལ་ཕྱག་འཚལ་བ་དང་། མི་མཐུན་ཕྱོགས་ཀུན་ཞི་ཞིང་ཡོན་ཏན་ཐམས་ཅད་རྒྱས་པ་དང་། འདོད་དོན་དབང་དུ་བསྡུ་ཞིང་། དགྲ་བགེགས་མ་ལུས་ཚར་གཅོད་མཛད་པས་འཕྲིན་ལས་རྣམ་བཞིའི་རྒྱ་མཚོ་ཆེན་པོའི་རླབས་ཕྲེང་ཞག་བདུན་བདུན་དུ་འབྱུང་བ་དེ་དག་གིས་ཀྱང་མི་བཟློག་པ་བཞིན་དུ་རྩོལ་མེད་ལྷུན་གྱིས་གྲུབ་པའི་རྒྱུན་ཆད་མེད་དུ་གདུལ་བྱའི་མཛད་པ་མཐར་ཕྱིན་མ་ལ་ཕྱག་འཚལ་བ་དང་། འཇིགས་པ་ཆེན་པོ་ལས་བྱུང་བའི་སྡུག་བསྔལ་བརྒྱད་དང་། འབྱུང་བའི་གདོན་དང་། ཉོན་སྒྲིབ་ཤེས་སྒྲིབ་ཀྱི་འཇིགས་པ་དང་། བགེགས་རྐྱེན་ཐམས་ཅད་ལྷ་མོ་སྒྲོལ་མའི་ཞབས་གཡས་གཡོན་གཉིས་ཡིད་ལ་དྲན་པ་ཙམ་གྱིས་སྐྱོབ་པར་མཛད་པས་ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་བ་ཡིན་ནོ།། སྒོས་སུ་ལྷ་མོ་རྗེ་བཙུན་སྒྲོལ་མ་རང་ཉིད་ནས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཇུག་པ་རྣམས་ང་ཡིས་སྐྱོབ་བོ་ཞེས་གསུངས་པས་བོད་ཡུལ་ཁ་བའི་ལྗོངས་འདིར་གང་ཟག་དད་ལྡན་ཕོ་མོ་སུས་བསྟེན་ཀྱང་འགྲུབ་སླ་བར་གསུངས།
     ལྷ་མོའི་བཞུགས་གནས་ཀྱང་གཙོ་བོ་རི་བོ་པོ་ཏ་ལ་དང་དེ་ཡི་ཉེ་གནས་ཚང་མ་ཡིན་པར་བཤད། ཇོ་བོ་ཆེན་པོས་འདི་ལ་ལྷ་གཅིག་མཛད་དེ་སྐུ་ཚེ་གང་བོར་བྱ་བ་ཕྲན་ཚེགས་ཚུན་ཆད་ཞུ་ས་བྱེད་པ་དང་། སློབ་དཔོན་ཉི་སྦས་ནི་བལ་ཡུལ་དུ་འཁྲུངས་བ་དང་། རྒྱ་གར་ན་ལེནྡྲར་མཛེ་བྱུང་བ་དང་། ཁོས་ཡུལ་ནས་ལྷ་འདི་བསྒྲུབས་ཏེ་ནད་ལས་ཡོངས་སུ་གྲོལ་ཅིང་། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུ་དངོས་སུ་བསྟན་ནས་འདིའི་ཆོས་སྐོར་དར་ཞིང་རྒྱས་པར་སྤེལ་བའི་གསུང་བྱོན་པ་དང་། དེ་ནས་ཁོང་གིས་མཚན་བསྟོད་ཉེར་གཅིག་གི་སྒོ་ནས་སྒྲུབ་ཐབས་རབ་ཏུ་མང་ཞིང་ཐུན་མོང་དུ་ལས་མྱུར་ཏུ་འགྲུབ་པའི་ལྷ་ལ་འདི་ལས་ལྷག་པ་མེད་ཅིང་། འཁོར་གྱི་ལྷ་མོ་ཉེར་གཅིག་པོ་ཐམས་ཅད་ཀྱང་ལྷ་མོ་འདིའི་འཕྲིན་ལས་བྱེ་བྲག་ཏུ་སྒྲུབ་པའི་ཐབས་སུ་ཤར་བ་ཡིན་པས་གཙོ་འཁོར་རྣམས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་པ་ཡིན་པར་བཤད། སྔགས་ཀྱི་བྱེ་བྲག་ཀྱང་དེ་ལྟར་བཟླ་བར་གསུང་ལ། མདོར་ན་ལྷ་མོ་འདི་ནི་སྔགས་ལམ་གྱི་སྟོང་ཕྱོགས་དང་མ་རྒྱུད་ཀྱི་ལྷ་རྣམས་དང་རིགས་ཅན་དུ་སྣང་བའི་ཕྱིར་རོ། ། ལྷ་མོ་རྗེ་བཙུན་མ་འདི་ལ་བསྟེན་ན་ལས་གང་དང་བྱ་བ་ཅི་ཡིན་ཡང་འགྲུབ་པར་མྱུར་བའི་མྱུར་མགྱོགས་མ་དཔལ་མོ་ཞེས་མཚན་གསོལ་བ་དང་། འཕགས་པ་སྤྱན་རས་གཟིགས་དང་ཐུགས་བསྐྱེད་འབྲེལ་ཟབ་དང་བྱིན་རླབས་རྟེན་འབྲེལ་གང་ཡིན་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་གསུངས།
     འདིའི་རྒྱུད་ལ་རིག་པའི་ལྷ་མོའི་རྒྱུད། སྒྲོལ་མའི་རྒྱུད་ལས་སྣ་ཚོགས་འབྱུང་བ་དང་། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་དང་། དམ་བཅས་བའི་གཟུངས། འཇིགས་པ་བརྒྱད་སྐྱོབ་དང་། འཇིགས་པ་བརྒྱད་ལས་སྒྲོལ་བའི་གཟུངས། བླ་མེད་སྒྲོལ་མ་དངོས་གྲུབ་བསྟན་པ་གཟིགས་པའི་རྒྱུད། ཕྱག་འཚལ་ཉེར་གཅིག་སོགས་མང་ལ། སྒྲུབ་ཐབས་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲོལ་མ་སྤྱིའི་སྒྲུབ་ཐབས། ལྷ་ལྔའི་སྒྲུབ་ཐབས། སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་རྣམ་པར་སྣང་མཛད། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས། ཤཱཀྱ་སྒྲོལ་དཀར་སྒྲུབ་ཐབས། སྒྲོལ་མའི་སྒྲུབ་ཐབས། མར་མེ་མཛད་ཀྱི་སྒྲུབ་ཐབས་རྒྱས་བསྡུས། ངག་དབང་གྲགས་པའི་སྒྲུབ་ཐབས། སློབ་དཔོན་བཤེས་གཉེན་གྱི་སྒྲུབ་ཐབས། ཇོ་བོ་རྗེའི་སྒྲུབ་ཐབས། སློབ་དཔོན་མར་མེ་མཛད་ཀྱི་སྒྲུབ་ཐབས་དང་ལས་ཚོགས། ཁྲོ་གཉེར་ཅན་མའི་སྒྲུབ་ཐབས། ཉི་སྦས་ཀྱི་སྒྲོལ་མ་སྤྱིའི་སྒྲུབ་ཐབས་དང་སོ་སོའི་སྒྲུབ་ཐབས། དཀྱིལ་ཆོག  ལས་ཚོགས། ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས། ཏ་ཐཱ་ག་ཏ་རཀྵི་ཏའི་མེ་ཏོག་ཕྲེང་འཛིན་ལྷ་མོ་ལྔའི་སྒྲུབ་ཐབས་དང་ལས་ཚོགས། གུར་ལས་གསུངས་པའི་སྒྲོལ་མའི་སྒྲུབ་ཐབས། པ་ར་ཧི་ཏ་བྷ་དྲའི་གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས། ཨུ་རྒྱན་སྒྲོལ་མའི་མངོན་རྟོགས། དཀྱིལ་ཆོག  བྷ་ཝ་བྷ་དྲའི་སྒྲུབ་ཐབས། སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དང་དཀྱིལ་ཆོག མཆོག་གི་སྒྲོལ་མ་རལ་གཅིག་མའི་སྒྲུབ་ཐབས་དང་དཀྱིལ་ཆོག བརྟག་པའི་རྡོ་རྗེ་རལ་གཅིག་མའི་སྒྲུབ་ཐབས། མྱུར་མཛད་མའི་སྒྲུབ་ཐབས་བཅུ་གསུམ་གྱི་བདག་ཉིད་སྙིང་རྗེ་ཆེན་པོའི་མཎྜལ་གྱི་ཆོ་ག  ཀ་མ་ལ་ཤཱི་ལ་ཤྲཱི་སྒྲོལ་མའི་སྒྲུབ་ཐབས་སོགས་གྲངས་ལས་འདས་པའི་ཆོས་སྐོར་སྤྱི་དང་། གཞན་ཡང་གཡུ་ཡི་སྒྲོལ་མ་གསུང་འབྱོན་སེམས་དཔའ་སུམ་བརྩེགས་མ་ནི་ང་ཚོ་གངས་ཅན་པའི་ལྷ་སྐལ་ཡིན་ལ། བ་རི་ལོ་ཙཱ་བ་ལ་སློབ་མ་སྒྲོལ་མའི་སྤྲུལ་བ་བུད་མེད་ཅིག་ཡོད་པ་དང་། ཁོང་གཉིས་ཀྱིས་ས་སྐྱའི་དཔལ་ཆེན་ཕོ་བྲང་ཕྱག་འདེབས་གནང་། དེ་དུས་རྗེ་བཙུན་མི་ལའི་དངོས་སློབ་ཞི་བ་འོད་ཀྱི་ཕ་མེས་ཀྱིས་བཞག་པའི་གཅེས་ནོར་གཡི་ཡི་སྒྲོལ་མ་ཞིག་ཡོད་པ་བླ་མ་བ་རི་ལ་ཕུལ་ནས་ཐུགས་དམ་གྱི་རྟེན་མཛད། ཉིན་ཞིག་བུ་མོ་མེ་སློང་དུ་སོང་བ་ཁྱིས་དེད་ནས་བྲོས་པའི་ཚུལ་བསྟན། རྒན་པོ་ཞིག་ཡོད་པས་ཁྱི་དང་བུ་མོའི་བར་ཁུ་ཚུར་བསྣུན་པས་ཕྱག་རྗེས་དང་མེ་འཐོར་ཤུལ་བཅས་རྡོ་ལ་རི་མོ་བབ། དུས་དེར་བླ་མས་བུ་མོ་ཁྱོད་ལ་སྤྲུལ་བ་སྟོན་རྒྱུ་འདུག་པས་སྤྲུལ་བ་སྟོན་གསུངས་པས། བུ་མོ་དེ་ཉིད་གཡུ་ཡི་སྒྲོལ་མ་ལ་ཐིམ་པའི་སྤྲུལ་བ་བསྟན། དེ་ཙན་དན་གྱི་སྒྲོལ་མ་ཁྲུ་གང་མ་ལ་ཐིམ། ཙན་དན་གྱི་སྒྲོལ་མ་དམ་ཚིག་སེམས་དཔར་གྱུར། གཡུ་ཡི་སྒྲོལ་མ་ཡེ་ཤེས་སེམས་དཔའ་དང་། སྤྲུལ་བའི་བུ་མོ་ཏིང་འཛིན་སེམས་དཔའ་དང་སྒྲོལ་མ་སེམས་དཔའ་བཅས་སྒྲོལ་མ་སེམས་དཔའ་སུམ་བརྩེགས་མ་བྱུང་བའི་ལོ་རྒྱུས་ལྟར། རྗེ་བཙུན་སྒྲོལ་མའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་མང་པོ་སྣང་ལ། ས་སྐྱ་བློ་གཏེར་གྱི་སྒྲུབ་ཐབས་ཀུན་བཏུས་དང་། མང་མཁར་བའི་སྒྲོལ་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཕྱོགས་བསྒྲིགས་སོགས་གསུང་རྟེན་ཀྱང་མང་།
     ད་ཐེངས་ཕྱོགས་བསྒྲིགས་བྱས་པའི་ལྷུན་གྲུབ་སྒྲོལ་མའི་བེའུ་བུམ་ཆེན་མོ་རིན་ཆེན་གཏེར་གྱི་བང་མཛོད་འདིར་ལྷ་སའི་ཞོལ་པར་མའི་ཙིཏྟ་མ་ཎི་དང་། རོང་པོ་དགོན་ཆེན་གྱི་ཙིཏྟ་མ་ཎི། གཉན་སྒྲོལ། ཇོ་ལུགས་སྒྲོལ་མ། རྒྱ་ནག་སྒྲོལ་མའི་སྒྲུབ་ཐབས། བ་རི་ལུགས་ཀྱི་སྒྲོལ་མ། ཉི་སྦས་ལུགས་ཀྱི་སྒྲོལ་མ་སོགས་ས་དགེ་རྙིང་གསུམ་དང་ཇོ་ནང་བ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དམ་པ་མང་པོའི་གསུང་འབུམ་ལས་བྱུང་བའི་སྒྲོལ་མའི་སྒྲུབ་ཐབས་དང་གསོལ་འདེབས། བསྟོད་པ་དང་ཆོ་ག འགྲེལ་བ་དང་ལོ་རྒྱུས། བཀའ་བསྟན་ལས་བྱུང་བའི་སྒྲུབ་ཐབས་སོགས་དམ་པའི་གཅེས་ནོར་གྱི་བང་མཛོད་འདི་ཉིད་ཡིན་ལ། དེབ་གྲངས་པོད་བརྒྱད་ཡོད་པ་དང་། ད་དུང་འདིར་མ་འདུས་པ་རྣམས་རྗེས་ནས་མུ་མཐུད་དུ་བསྡུ་བསྒྲིགས་བྱེད་འཆར་ཡོད་པ་དང་། དཔེ་ཚོགས་འདི་ལྷ་སའི་ཇོ་ཁང་གཙོ་མཛད་པའི་གངས་ཅན་ལྗོངས་ཀྱི་དགོན་པ་བརྒྱ་རྩ་བརྒྱད་དང་བསྟན་འཛིན་གྱི་སྐྱེས་བུ་དག་ལ་རིན་མེད་གཟིགས་འབུལ་བྱེད་རྒྱུ་ཡིན་པ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...