སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སོན་གསར་གྱི《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》འགྲེམ་སྤེལ་བྱས་པ།
རྩོམ་པ་པོ། འབྲོང་ཕྲུག རྩོམ་སྒྲིག་པ། Lhamo དུས་ཚོད། 2016-1-11 9:47:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རྨེ་རུ་སོན་གསར་གྱི《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》།

     ཉེ་སྔོན། རྨེ་རུ་སོན་གསར་གྱི་སློབ་གསོའི་ཆེད་དེབ་གསར་བ《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
     《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》ཞེས་པའི་དེབ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་སློབ་གསོ་ལྟ་སྐུལ་ཁང་གི་དགེ་མིང་བ་རྨེ་རུ་སོན་གསར་རམ་ནོར་བུ་འབུམ་གྱིས་རང་གི་མི་ལོ་ཉེར་བཞིའི་རང་གི་བསམ་གཞིག་དང་ལག་ལེན། དཔྱད་སྟོབས་བཅས་ལ་བརྟེན་ནས་གཞི་རིམ་སློབ་གསོའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་།  དཔེ་དེབ་འདིའི་རྩོམ་སྒྲིག་འགན་འཁུར་བ་ཞོགས་དུང་ཡིན་ཞིང་། མདུན་ཤོག་གི་ཇུས་འགོད་འབྲོང་ཕྲུག་ལྷ་ཆེན་རྒྱལ་ལགས་ཀྱིས་བྱས། བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལགས་ཀྱིས་སྔོན་འགྲོ་བྲིས་ཤིང་གདེང་འཇོག་ཚད་མཐོ་གནང་ཡོད་པ་ཞིག་རེད་འདུག
     དཔེ་དེབ་འདི་ཉིད་ནི་ལེའུ་ལྔ་ཡི་བདག་ཉིད་ཅན་ཞིག་སྟེ། ལེའུ་དང་པོ་ནི་ལེགས་བཅོས་བློ་འབྱེད་དང་། ལེའུ་གཉིས་པ་ཁྱིམ་ཚང་གི་སློབ་གསོ། ལེའུ་གསུམ་པ་སློབ་གྲྭའི་སློབ་གསོ། ལེའུ་བཞི་བ་དགོན་སྡེའི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ལེའུ་ལྔ་བ་ལྟ་ཞིབ་ཟིན་ཐོ་བཅས་ཡིན་འདུག དཔེ་དེབ་འདིས་བོད་ཡུལ་གཞི་རིམ་གྱི་ཁྱིམ་ཚང་དང་སློབ་གྲྭ  སྤྱི་ཚོགས་བཅས་ཀྱི་སློབ་གསོར་ལེགས་བཅོས་གནང་དགོས་པའི་འབོད་སྐུལ་བཏང་བའི་ཞོར་དུ། མི་རིགས་དང་མེས་རྒྱལ་ལ་མཁོ་བའི་འཇོན་མི་ཆགས་མ་ནུས་པའི་རྒྱུ་རྐྱེན་ཏེ། ཤེས་ཡོན་ཅན་ལ་ལག་རྩལ་མེད་པ་དང་ལག་རྩལ་ཅན་ལ་ཤེས་ཡོན་མེད་པའི་ནོར་འཁྲུལ་གྱི་སློབ་གསོ་གཉེར་སྟངས་ལ་སུན་འབྱིན་བྱས་ཡོད། ཁྱད་པར་དུ་བོད་ཡུལ་གཞི་རིམ་ན་གནས་པའི་དོན་དངོས་ཏེ། ཆོས་ལུགས་དང་སློབ་གསོ་གཉིས་ངོ་བོ་དབྱེར་མེད་དུ་གྱུར་ནས་རྐྱ་མ་བཀར་བར་སྤེལ་བ་དེས། བསམ་པའི་དཔལ་ཡོན་མ་གཏོགས་དངོས་པོའི་དཔལ་ཡོན་འཕེལ་མི་ནུས་པ་དང་། དེས་བོད་ཁུལ་དུ་ཚན་རྩལ་རིག་གནས་དར་བར་དགོས་མེད་ཀྱི་བཀག་རྒྱ་བཟོས་ཡོད་པའི་གནས་ལུགས་བཤད་ཡོད་པ་རེད།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

     རྩོམ་མཁན་ནོར་བུ་འབུམ་མམ་སོན་གསར་དུ་འབོད་པ་ཁོང་ནི། 1971ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་ཐུད་རོལ་སྡེ་བར་སྐྱེས། 1991ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་ད་ལྷའི་བར་མི་ལོ་ཉི་ཤུ་ལྷག་འདས།  དེའི་རིང་དུ་རང་སྦྱོང་ལ་བརྟེན་ནས་སློབ་ཆེན་རིམ་པའི་ལག་རྟགས་བླངས་མྱོང་ལ།   སྤྱིར་བཏང་གི་དགེ་རྒན་དཀྱུས་མ་ཞིག་ནས་བོད་སྐད་ཡིག་གི་ཁྲིད་དཔྱོད་པ་དང་སློབ་སྟོན་པ།  སློབ་གཙོ་གཞོན་པ་ནས་སློབ་གཙོ་སོགས་ཀྱི་འགན་བཞེས། ད་ལྟ་མང་རྫོང་གི་སློབ་གསོའི་ལྟ་སྐུལ་ཁང་ན་བྱ་བ་ལས་བཞིན་མཆིས། ཁོས་རང་འགན་མི་འདོར་བའི་ཞོར་དུ་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་དང་དཔྱད་རྩོམ་སོགས་བྲིས་ནས《སྦྲང་ཆར》དང《མཚོ་སྔོན་བོད་ཡིག་གསར་འགྱུར》《སྤང་ལྗོངས》《བོད་ཀྱི་སློབ་གསོ》སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་བཀྲམ་མྱོང་། 《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》ཞེས་པའི་དཔེ་དེབ་འདི་ནི་ཁོས་དགེ་རྒན་བྱེད་རིང་དངོས་སུ་ལག་ལེན་དང་ཚོད་ལྟ་བྱས་པའི་གྲུབ་འབྲས་ཡིན་པར་མ་ཟད།  གཞི་རིམ་རོང་འབྲོག་ས་ཁུལ་དུ་ཡོད་པའི་བྱིས་པའི་ཁྱིམ་བདག་དང་སློབ་གྲྭའི་དགེ་རྒན་རྣམས་ལ་ཕུལ་བའི་ཉམས་མྱོང་གི་ལེགས་སྐྱེས་ཐོག་མ་ཡིན་ནོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...