སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
པོ་ཏ་ལའི་དཔལ་ས་སྐྱའི་གསུང་རབ་དཀར་ཆག་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ། འཇད་པ་དཔལ་ལྡན་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-3-17 9:16:00 རྩོམ་ཁུངས། སྐད་འཕྲིན་ལས་བཏུས། ཀློག་གྲངས།


《ཕོ་བྲང་པོ་ཏ་ལར་བཞུགས་སུ་གསོལ་པའི་དཔལ་ལྡན་ས་སྐྱའི་གསུང་རབ་རྣམས་ཀྱི་དཀར་ཆགས》།

     ཉེ་ཆར།  《ཕོ་བྲང་པོ་ཏ་ལར་བཞུགས་སུ་གསོལ་པའི་དཔལ་ལྡན་ས་སྐྱའི་གསུང་རབ་རྣམས་ཀྱི་དཀར་ཆགས》དངོས་སུ་འགྲེམ་སྤེལ་བྱས།  དཔལ་ལྡན་ས་སྐྱ་པའི་དཔེ་རྙིང་གི་དཀར་ཆག་དེ་ནི་དོམ་པོ་བ་རྒན་ཐུབ་བསྟན་རྒྱལ་མཚན་སོགས་ཀྱིས་ལོ་མང་པོའི་རིང་ལ་ལེགས་བསྒྲིགས་གནང་བའི་རྨང་གཞིའི་སྟེང་དུ་ལོ་གཉིས་ཙམ་གྱི་ནང་བོད་ཀྱི་དཀར་ཆག་རིག་པ་དང་དེང་དུས་ཀྱི་དཀར་ཆག་རིག་པའི་ཁྱད་ཆོས་ཟུང་དུ་སྤྲེལ་ནས། ཕོ་བྲང་པོ་ཏ་ལར་ཉར་ཚགས་གནང་བའི་དཔལ་ལྡན་ས་སྐྱ་པའི་གསུང་འབུམ་རྣམས་ཆ་ཚང་ཡིན་མིན་ལ་མ་ལྟོས་པར་གསུང་འབུམ་གྱི་མཚན་བྱང་། ཀ་རྟགས།  ཤོག་གྲངས། ཡིག་ཕྲེང་། མཛད་པ་པོ། ཡིག་གཟུགས། ཆ་ཚང་མིན་བཅས་ད་ཐེངས་ཞིབ་ཅིང་ཕྲ་བ་སྒྲིག་བཀོད་ཞུས་ཡོད། ད་རེས་ཀྱི་ཕྱོགས་བསྒྲིགས་ཞུས་པའི་དཀར་ཆག་གི་ནང་དུ་ཚུད་པའི་ཁྱབ་ཁོངས་ཀྱི་ཚན་པ་ནི། གཙོ་བོར་དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་ཚར་ངོར་རྫོང་གསུམ་དང་དེའི་ཞོར་དུ་ཞ་ལུ། བོ་དོང་བཅས་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་འབུམ་ཕོ་བྲང་ལ་བཞུགས་པ་རྣམས་གང་ཡོད་འདིའི་ནང་ཚུད་ཐུབ་པར་བྱས་ཡོད།

     ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་པའི་གནའ་བོའི་རྩ་ཆེའི་དཔེ་རྙིང་པོད་ཁྲི་ཕྲག་འགའ་ཤས་བཞུགས་པ་དེ་རྣམས་ནི་རྒྱལ་དབང་ལྔ་པ་མཆོག་ནས་བཟུང་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་རྣམས་ཀྱི་གསུང་འབུམ་ཁག་ལ་ཚད་ལྡན་གྱི་དཀར་ཆག་བསྒྲིགས་ཏེ་ཕོ་བྲང་པོ་ཏ་ལ་དང་། འབྲས་སྤུངས་དགོན། དགའ་ལྡན་ཕུན་ཚོགས་གླིང་བཅས་སུ་པར་ཁང་གསར་བཙུགས་ཀྱིས་དཔེ་དཀོན་རྣམས་དཔར་དུ་བསྐྲུན་ཏེ་སྲུང་སྐྱོབ་དང་དར་སྤེལ་མཛད་ཡོད།

དཔེ་སྐྲུན་གསལ་བཤད།

     དེང་བསྒྱུར་བཅོས་སྒོ་དབྱེའི་ཚ་རླབས་ཁྲོད་གངས་ལྗོངས་དཔལ་འབྱོར་མངའ་ཐང་ཡར་རྒྱས་གོང་འཕེལ་བྱ་འཕུར་བ་ལྟར་འགྲོ་བཞིན་པ་དང་ཕྱོགས་མཚུངས། སྲིད་གཞུང་ཁག་དང་འབྲེལ་ཡོད་ཚན་པ་ནས་ལྗོངས་ཁུལ་དགོན་སྡེ་དང་ས་གནས་ཁག་ཏུ་བཞུགས་པའི་དཔེ་རྙིང་སྲུང་སྐྱོབ་ཀྱི་བྱ་བཞག་ལ་ཡང་དུས་སྐབས་གསར་པ་ཞིག་ཤར་ཐུབ་པ་བྱུང་ཡོད། དེ་ཡང་བོད་ཀྱི་དཔེ་རྙིང་གི་ནང་དོན་གཙོ་བོ་ནི་ནང་ཆོས་དང་། གསོ་རིག  སྐར་རྩིས། ལོ་རྒྱུས།  ཚན་རྩལ་བཅས་ཡིན་ལ།མདོར་བསྡུས་ན་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་ཞིབ་འཇུག་བྱེད་པའི་ཆེས་གལ་ཆེའི་རྒྱུ་ཆ་ཞིག་དང་།བོད་ཀྱི་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་ཆེས་གལ་ཆེའི་རིན་ཐང་ལྡན་པ་མ་ཟད། རང་མི་རིགས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་དུ་ངལ་རྩོལ་དང་ཐོན་སྐྱེད།  དེ་བཞིན་རང་བྱུང་ཁམས་ནང་འཚོ་གནས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བློ་གྲོས་དང་ཉམས་མྱོང་སོགས་གོང་འཕེལ་བྱུང་བའི་དཔང་རྟགས་དང་ཡིག་ཐོག་གི་ཤུལ་བཞག་ཞིག་ཀྱང་ཡིན། བོད་མི་རིགས་ཀྱི་སྔོན་བྱོན་མཁས་དབང་ཉི་ཟླ་ལྟ་བུ་རྣམས་ཀྱིས་ཕྱི་ནང་གི་རིག་གནས་ཀུན་ལ་སྦྱངས་བརྩོན་དང་ཉམས་ལེན་གནང་བའི་ཁྲོད། རང་ཉིད་ཀྱི་མཁྱེན་རྟོགས་ཀྱི་འབྲས་བུ་རྣམས་དེབ་ཐེར་ཐོག་བཀོད་ནས་གསུང་འབུམ་རི་བོའི་གཏོས་དང་མཉམ་པ་ཡོད་ཀྱང་། དུས་འགྱུར་དང་རང་བྱུང་གི་གནོད་འཚེ།  ལྷག་པར་དེ་སྔ་བོད་དུ་དགོན་སྡེ་སོ་སོའི་གྲུབ་མཐའི་བླ་བརྒྱུད་ཀྱི་ཕྱག་དཔེ་ཁ་ཤས་ཙམ་ལས་ཉར་ཚགས་གནང་མི་ཐུབ་པའི་རྐྱེན་གྱིས་གནའ་དཔེ་རྩ་ཆེན་མང་པོ་ཞིག་མིང་གི་ལྷག་མ་ཙམ་ལས་མེད་པ་ནི་བློ་ཕམ་གྱི་གནས་སུ་གྱུར། འདིར་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་པའི་གནའ་བོའི་རྩ་ཆེའི་དཔེ་རྙིང་པོད་ཁྲི་ཕྲག་འགའ་ཤས་བཞུགས་པ་དེ་རྣམས་ནི་རྒྱལ་དབང་ལྔ་པ་མཆོག་ནས་བཟུང་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་རྣམས་ཀྱི་གསུང་འབུམ་ཁག་ལ་ཚད་ལྡན་གྱི་དཀར་ཆག་བསྒྲིགས་ཏེ་ཕོ་བྲང་པོ་ཏ་ལ་དང་།  འབྲས་སྤུངས་དགོན། དགའ་ལྡན་ཕུན་ཚོགས་གླིང་བཅས་སུ་པར་ཁང་གསར་བཙུགས་ཀྱིས་དཔེ་དཀོན་རྣམས་དཔར་དུ་བསྐྲུན་ཏེ་སྲུང་སྐྱོབ་དང་དར་སྤེལ་མཛད་ཡོད།
     ད་ལྟ་ཕོ་བྲང་པོ་ཏ་ལར་བཞུགས་པའི་དཔེ་རྙིང་ཁག་ལ་ཡང་དོམ་པོ་བ་རྒན་ཐུབ་བསྟན་རྒྱལ་མཚན་སོགས་ཀྱིས་ལོ་མང་པོའི་རིང་ལ་དཔེ་རྙིང་ཁག་གི་ནང་དོན་དབྱེ་འབྱེད་དང་། སྐབས་དོན་སོ་སོར་ཨང་གྲངས་བཀོད་གནང་བ་མ་ཟད་དེ་རྣམས་དཀར་ཆག་ཏུ་བསྒྲིགས་ནས་དེ་སྔོན་དངོས་སུ་རྙིང་མ།  བཀའ་བརྒྱུད། དགེ་ལུགས་གསུམ་གྱི་དཀར་ཆག་རྣམས་དཔར་བསྐྲུན་མཛད་ནས་ལེགས་སྐྱེས་ཆེན་པོ་འབུལ་གནང་མཛད་ཡོད། དེ་མཚུངས་དཔལ་ལྡན་ས་སྐྱ་པའི་དཔེ་རྙིང་གི་དཀར་ཆག་འདི་ཡང་ཁོང་གིས་ལེགས་བསྒྲིགས་གནང་བའི་རྨང་གཞིའི་སྟེང་དུ་ལོ་གཉིས་ཙམ་གྱི་ནང་བོད་ཀྱི་དཀར་ཆག་རིག་པ་དང་དེང་དུས་ཀྱི་དཀར་ཆག་རིག་པའི་ཁྱད་ཆོས་ཟུང་དུ་སྤྲེལ་ནས། ཕོ་བྲང་པོ་ཏ་ལར་ཉར་ཚགས་གནང་བའི་དཔལ་ལྡན་ས་སྐྱ་པའི་གསུང་འབུམ་རྣམས་ཆ་ཚང་ཡིན་མིན་ལ་མ་ལྟོས་པར་གསུང་འབུམ་གྱི་མཚན་བྱང་། ཀ་རྟགས།  ཤོག་གྲངས། ཡིག་ཕྲེང་། མཛད་པ་པོ། ཡིག་གཟུགས།ཆ་ཚང་མིན་བཅས་ད་ཐེངས་ཞིབ་ཅིང་ཕྲ་བ་སྒྲིག་བཀོད་ཞུས་ཡོད། ད་རེས་ཀྱི་ཕྱོགས་བསྒྲིགས་ཞུས་པའི་དཀར་ཆག་གི་ནང་དུ་ཚུད་པའི་ཁྱབ་ཁོངས་ཀྱི་ཚན་པ་ནི། གཙོ་བར་དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་ཚར་ངོར་རྫོང་གསུམ་དང་དེའི་ཞོར་དུ་ཞ་ལུ། བོ་དོང་བཅས་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་འབུམ་ཕོ་བྲང་ལ་བཞུགས་པ་རྣམས་གང་ཡོད་འདིའི་ནང་ཚད་ཐུབ་པར་བྱས་ཡོད།
     འདིར་དཔལ་ལྡན་ས་སྐྱ་པ་ཞེས་པའི་གྲུབ་མཐའ་ནི་འཁོན་སྟོན་དཀོན་མཆོག་རྒྱལ་པོས་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ1023ལོར་བོད་གཙང་སྟོད་ཕྱོགས་ས་སྐྱའི་གྲོང་གི་བྱང་ངོས་དབོན་པོ་རི་གླང་ཆེན་ཉལ་བ་དང་འདྲ་བའི་མཁལ་ཁུང་གཡས་པའི་ཐད་ན་ས་དཀར་ཞིང་སྣུམ་ལ་ཆུ་གཡས་སུ་འབབ་པ་སོགས་ཀྱི་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པ་མཁྱེན་ནས་ས་དེར་དགོན་དང་པོ་བཏབ་ཅིང་དགོན་པའི་མིང་ཡང་སའི་ཁ་དོག་ལ་གཞིགས་ནས་ས་སྐྱ་དགོན་པ་ཞེས་བཏགས་པ་འདི་ཉིད་ལས་རིམ་བཞིན་དར་བ་ཞིག་ཡིན།  གྲུབ་མཐའ་འདི་ནི་ད་ཡོད་བོད་ནང་གི་གསང་སྔགས་གསར་རྙིང་གཉིས་ལས་གསར་མའི་ཁོངས་སུ་གཏོགས་ཤིང་ལག་ལེན་ལ་ཡང་གསར་མའི་ལུགས་ཤས་ཆེར་ལྡན། དེ་ཡང་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་དགོངས་བཅུད་དག་སྦྱོང་རྒྱུད་དང་མགོན་པོའི་སྐོར་ལ་མཁས་པ་ལོ་ཆེན་རིན་ཆེན་བཟང་པོ་དང་།  བྱ་རྒྱུད་དང་སྤྱོད་རྒྱུད་སྐོར་ལ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ།  ལམ་འབྲས་ལམ་སྐོར་དགུ་དང་བཅས་པ་ལ་འབྲོག་མི་ལོ་ཙཱ་བ་དང་། བདེ་མཆོག་དང་མཁའ་སྤྱོད་སོགས་མ་རྒྱུད་རྣམས་གུང་ཐང་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་པ་བཅས་ལོ་ཙཱ་བ་ཆེན་པོ་བཞི་ལས་བརྒྱུད་པའི་བཀའ་བབས་ཉམས་བཞེས་གནང་མཁན་ཞིག་ཡིན་ལ། ལུགས་འདིའི་གསང་སྔགས་གཙོ་བོར་གྱུར་པའི་གདམས་ངག་གི་དཀྲི་ཚུལ་དབང་ལས་གྱེས་པའི་ངོར་ཚར་རྫོང་གསུམ་དང་།  ཞ་ལུ་བོ་དོང་ལ་སོགས་ཅུང་ཕྱག་བཞེས་མི་འདྲ་བའི་ཁྱད་པར་ཡང་ལྡན་ཡོད།
     དེའང་མདོའི་ལག་ལེན་ནི་གཙོ་བོ་གསང་ཕུ་ནས་སློབ་དཔོན་བསོད་ནམས་རྩེ་མོས་ཕྱཱ་པ་ཆོས་སེང་ནས་བརྒྱུད་པ།  དེ་བཞིན་གཙང་ནག་ནས་མཚུར་སྟོན་དང་། གཉལ་ཞིག་ནས་འུ་ཡུག་པ་རིགས་པའི་སེངྒེ། བྲང་ཏི་ནས་ས་ཆེན་སོགས་ལས་བརྒྱུད་པ། ལྷག་པར་ཁ་ཆེ་པཎ་ཆེན་ནས་ས་པཎ་ལ་བརྒྱུད་པ། དེ་བཞིན་གཞུང་ཆུང་འགའ་རེའི་བརྒྱུད་པ་ནི། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་པ་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། ཤོང་རྡོ་རྗེ་རྒྱལ་མཚན་དང་དཔང་བློ་གྲོས་བསྟན་པ་ནས་བླ་མ་དམ་པ་དང་། གསང་ཕུ་ནས་གཡག་རོང་ལ་བརྒྱུད་པ་སོགས་ཡོད། ཡང་སྒོས་ཐུན་མོང་རིག་གནས་མང་པོ་ཞིག་ལུགས་འདི་ལས་འཕེལ་ཁ་རྒྱས་པ་ནི་ཡོང་གྲགས་ལྟར་ཡིན། དེ་བཞིན་བོ་དོང་དང་། ཞ་ལུ་བཅས་ནི་ཡུལ་མིང་ཆོས་བརྒྱུད་ལ་བཏགས་པ་ཡིན་པ་མ་ཟད། རང་རང་སོ་སོའི་གྲུབ་མཐའ་དང་མཐུན་པའི་བསླབ་བྱའི་གནས་དག་ཀྱང་གཞི་འཛིན་ས་དང་བཅས་པ་ཆ་ཚང་བ་རང་རང་སོ་སོར་ཡོད་ཀྱང་ཕྱིས་དར་རྒྱས་དེ་ཙམ་བྱུང་མེད་དོ།།
     ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་དབུ་ཁྲིད་རྣམས་དང་ཕོ་བྲང་པོ་ཏ་ལ་དཔེ་རྙིང་བསྡུ་སྒྲིག་ཁང་གི་ལས་རོགས་རྣམས། སྐུ་ཞབས་ཐུབ་བསྟན་བྱམས་པ་ལགས་དང་། དཀོན་མཆོག་བསྟན་དར་ལགས། ངག་དབང་ཆོས་ཉིད་ལགས། དེ་བཞིན་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གི་ཆུང་བདག་ལགས་དང་ཚེ་རིང་ནོར་བུ་ལགས་སོགས།ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་གི་སྟོང་ར་བ་ཐུབ་བསྟན་སྨོན་ལམ་ལགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བླ་བྱང་པདྨ་རྒྱ་མཚོ་ལགས་བཅས་ནས་ཐུགས་བརྩེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

ཕོ་བྲང་པོ་ཏ་ལ་དཔེ་རྙིང་བསྡུ་སྒྲིག་ཁང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...