སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོན་སྐོར་སྙིང་ལྕགས་རྒྱལ་གྱི《མཇུག་མཐའི་དགྱེས་སྟོན》པར་དུ་བསྐྲུན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-18 9:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བོན་སྐོར་སྙིང་ལྕགས་རྒྱལ་གྱིས་བརྩམས་པའི《མཇུག་མཐའི་དགྱེས་སྟོན》།

     《མཇུག་མཐའི་དགྱེས་སྟོན》ནི2016ལོརAsian Highlands Perspectiveརྒྱལ་སྤྱིའི་དེབ་ཚོགས་ཀྱིས་པར་སྐྲུན་བྱས་པའི་བོད་ཀྱི་དམངས་སྲོལ་རིག་གནས་གཙོར་བཟུང་ཞིང་བྱེ་བྲག་ཡུལ་སྡེ་ཞིག་གི་སྲིད་འབྱོར་རིག་གསུམ་ལ་དཔྱད་འཇོག་དང་འགྲེལ་བརྗོད་གནང་བའི་དེབ་ཅིག་ཡིན། དེ་ཡང་བརྗོད་བྱ་དམངས་སྲོལ་གྱི་རྩ་བ་ལ་རྗོད་བྱེད་དབྱིན་ཡིག་གི་འདབ་མ་ལྷུག་པར་གྲོལ་ཏེ་ཕྱི་ཕྱོགས་སུ་ངོ་སྤྲོད་བྱས་པ་བརྒྱུད། ཁག་གཉིས་སུ་བཀར་བའི་དང་པོའི་ནང་དུ་མདོ་སྨད་མང་འབའ་བྱ་གསུམ་དུ་གྲགས་པའི་བྱ་མདོའི་ཡུལ་གྱི་བོན་སྐོར་ཞེས་པའི་ཞིང་ཕྱུགས་གཉིས་ལྡན་གྱི་བོད་སྡེ་ཞིག་གི་ལོ་རྒྱུས་མདོར་བསྡུས་དང་མི་ཕྱུགས་ཀྱི་གྲངས་ཚད་འཕེལ་རིམ། སློབ་གསོ་དང་དཔལ་འབྱོར། ཆོས་ལུགས་དང་སྲིད་ཇུས། སྐད་རིགས་དང་སྡོད་ཁང་། གྱོན་ཆས་དང་གཤིན་དགེ་སོགས་ཀྱི་ཡུལ་སྲོལ་ལ་འོས་འཚམ་གྱི་ངོ་སྤྲོད་དང་དབྱེ་ཞིབ་བྱས་ཡོད།

     ཁག་གཉིས་པ་ནི་དེབ་འདིའི་བརྗོད་གཞི་གཙོ་བོ་སྟེ། སྲིད་འབྱོར་རིག་གསུམ་གྱི་འགྱུར་བག་རྒོད་པའི་དུས་རབས་འདིའི་བོད་མིའི་སྤྱི་ཚོགས་ནང་། ཡུལ་གྲུ་སོ་སོའི་དམངས་སྲོལ་རིག་གནས་ལ་ཉམས་ཆག་རབས་དང་རིམ་པ་འབྱུང་བཞིན་པ་ལས་བྱེ་བྲག་བོན་སྐོར་སྡེ་བའི་བོད་མིའི་གཉེན་སྲོལ་གྱི་བྱུང་འཕེལ་དང་འགྱུར་ལྡོག  གསར་དུ་འབྱུང་བཞིན་པའི་གོམས་སྲོལ་སོགས་ལ་འཚོལ་སྡུད་དང་དངོས་འབྲི། ཉམས་ཞིབ་བཅས་གནང་སྟེ་ཡུལ་འདི་གའི་སྤྱི་ཚོགས་དང་རིག་གནས་ཀྱི་འཕེལ་འགྱུར་ལ་སྐབས་བབ་ཀྱི་ངོས་འཛིན་བྱས་ཡོད། དེ་ཡང་ལེའུ་སོ་སོའི་ནང་དོན་གཙོ་བོ་ལ། གནའ་དེང་གི་ཁྱོ་ཤུག་འཚོལ་སྟངས་དང་བརྟག་ཚུལ། གྱོན་གོས་ཀྱི་འགྱུར་བ་དང་གྲ་སྒྲིག་གི་གོ་རིམ། བག་མ་དང་མག་པ་སློང་ལུགས། བག་འཁྲིད་དང་བག་མའི་རྒྱུ་རིན། བག་སྟོན་དང་མག་སྟོན། བག་མའི་རྫོངས་བ་དང་གཉེན་གྱི་མགོ་མཇུག་བར་གསུམ་གྱི་བཤད་པ། གླུ་དང་ཆོ་ག བག་མའི་ཁ་འགུག་དང་སྟོན་མོའི་མགོ་རྔ། གཏམ་དང་བཤད་པ། གླུ་དང་ཆོ་ག་སོགས་ལ་ཡུལ་འདི་གའི་ཡུལ་སྐད་སོར་བཞག་དང་སྤྱི་སྐད་ཀྱིས་མཚམས་སྦྱར་ཏེ་དབྱིན་ཇིའི་ལོ་ཙཱ་དང་ལ་ཊིན་སྐད་བརྡའི་ལུགས་ཀྱི་ཝ་ལེ་སྒྲ་སྒྱུར། ནང་དོན་མདོར་བསྡུས་བཅས་ཀྱིས་དེབ་འདིའི་བརྗོད་བྱ་ཞིབ་ཚགས་སུ་བཀོད་ཡོད།

     དེབ་འདི་ནི་བོན་སྐོར་སྙིང་ལྕགས་རྒྱལ་གྱིས་བྲེལ་འཚུབ་ཀྱི་ལས་ཀ་དང་སློབ་སྦྱོང་གི་བར་གསེང་བརྒྱུད་དེ་མི་ལོ་དྲུག་གི་རིང་ལ་སྒེར་ངོས་ནས་ཞིབ་འཇུག་དང་འཚོལ་ཞིབ་རྒྱས་པ་བྱས་ཏེ་ལེགས་འགྲུབ་བྱུང་པ་ཞིག་ཡིན་ལ། རྩོམ་པའི་བརྒྱུད་རིམ་ཁྲོད་དུ། ཁོ་བོས་ནུབ་ལུགས་ཀྱི་མིའི་རིགས་རིག་པའི་དམངས་སྲོལ་ཞིབ་འཇུག་གི་ཐབས་ལམ་སྣ་ཚོགས་སྤྱད་དེ། ཞིབ་འཇུག་བྱ་ཡུལ་ལ་ལྟ་ཞིབ་དང་ས་གནས་ཀྱི་རྒན་དར་གཞོན་གསུམ་བརྒྱ་ལྷག་ལ་བཅར་འདྲི། ཞིབ་ཕྲའི་གོམས་གཤིས་དང་ཡུལ་སྲོལ་སོགས་ལ་འཚོ་བ་དངོས་ཀྱི་གསབ་ཞུགས་བགྱིས་ཏེ། ཐེངས་མང་པོའི་ཡུལ་དངོས་རྟོག་དཔྱོད་དང་དམངས་སྲོལ་ཞིབ་འཇུག་གི་གསབ་ཞུགས་རྟོག་དཔྱོད་ཐབས་ལམ་བཀོལ་བའི་འབྲས་བུ་མི་དམན་པ་བཏོན་པས། རྒྱལ་ཕྱིའི་བོད་རིག་པ་ཉམས་ཞིབ་མཁན་གྱི་དགའ་བསུ་ཡང་གང་ལེགས་ཐོབ་ཡོད།
འབྲེལ་ཡོད་དྲ་གནས།
http://www.lulu.com/shop/nyangchakja/ahp-41-the-last-dragon-banquet/paperback/product-22648493.html
གཤམ་གྱི་དྲ་གནས་ལས་རིན་མེད་གློག་རྡུལ་འཕྲུལ་དེབ་ཕབ་ལེན་བྱས་ཆོག
http://tibetanplateau.wikischolars.columbia.edu/file/view/AHP41TheLastDrongonBanquet15April2016--Final.pdf/580121645/AHP41TheLastDrongonBanquet15April2016--Final.pdf


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...