སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2015ལོའི《མུ་ཁྲི་བཙན་པོ》སྤྱི་དེབ་དགུ་པ་པར་བསྐྲུན་ལེགས་འགྲུབ་བྱུང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-19 9:04:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


2015ལོའི《མུ་ཁྲི་བཙན་པོ》སྤྱི་དེབ་དགུ་པ་པར་དུ་བསྐྲུན།

      ཉེ་སྔོན། 2015ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》སྤྱིའི་འདོན་ཐེངས་དགུ་བ་པར་བསྐྲུན་ལེགས་གྲུབ་བྱུང་།


འབྲེལ་ཡོད་མཚམས་སྦྱོར།

《མུ་ཁྲི་བཙན་པོ》སྤྱི་དེབ་དགུ་བའི་རྒྱབ་ངོས།

འགོ་བརྗོད།

     ཞང་ཞུང་བོན་གྱི་རིག་གནས་ནི་གནའ་བོའི་བོད་ཀྱི་ཆེས་གཟི་བརྗིད་ལྡན་ལ་འོད་སྟོང་རབ་ཏུ་འཕྲོ་བའི་རིག་གནས་ཤིག་ཡིན། དེ་ནི་བོད་ཀྱི་མེས་པོ་རྣམས་ཀྱིས་རང་གི་བློ་གྲོས་ལ་བརྟེན་ནས་འཛམ་གླིང་གི་ཡང་རྩེར་གསར་བསྐྲུན་བྱས་པའི་གནའ་བོའི་ཤེས་རིག་ཅིག་ཡིན། རིག་གནས་དེ་ནི་གནའ་བོའི་བོད་མི་རྣམས་ཀྱིས་ང་ཚོར་ཤུལ་དུ་བཞག་པའི་རིན་ཐང་གཞལ་དུ་མེད་པའི་སྲོལ་རྒྱུན་གྱི་རིག་གནས་ཤིག་ཡིན་ལ། བོད་ཀྱི་རིག་གནས་ཀུན་གྱི་རྨང་གཞིའམ་རྩ་བ་ལྟ་བུར་གྱུར་ཡོད། ལོ་རྒྱུས་ཐོག་སྲིད་དབང་འཕྲོག་རྩོད་ཀྱི་ཆེད་དུ་ཞང་ཞུང་གི་རིག་གནས་ལ་གྱོང་གུན་དང་གནོད་སྐྱོན་ཚབས་ཆེན་འགའ་ཐེབས་མྱོང་ཡོད་དེ་དཔེར་ན། བོད་བཙན་པོའི་སྐབས་སུ་བོན་གྱི་ལོ་རྒྱུས་ཡིག་ཚགས་མང་པོ་མེར་བསྲེགས་ཆུར་བསྐྱུར་སོགས་ཀྱིས་རྩ་བརླག་ཏུ་བཏང་ཡོད་པའི་དབང་གིས་དེང་དུས་ང་ཚོའི་རང་རིགས་ཀྱི་བོན་དང་སྤུ་རྒྱལ་བཙན་པོའི་སྐབས་སུ་དམག་དོན་དང་། དཔལ་འབྱོར། ལོ་རྒྱུས། ཆོས་ལུགས་དང་སྨན་རྩིས། སྒྱུ་རྩལ་བཅས་ཀྱི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་དཀོན་པའི་གནས་སུ་གྱར་ཡོད། ད་ལྟ་ང་ཚོས་གོང་གི་སྡེ་ཚན་དག་ལ་ཞིབ་འཇུག་བྱེད་དགོས་ཚེ་ཞང་ཞུང་གི་ཡིག་ཚགས་འཕྲོ་ལུས་དག་ལ་མ་བརྟེན་དཀའ་མེད་ཆགས་ཡོད། དུས་རྐྱེན་གྱི་ཁྲོད་དུ་བོན་གྱི་བློ་གྲོས་ལྡན་པ་འགའ་ཤས་ཀྱིས་བོན་གྱི་ཡིག་ཚགས་དེ་དག་རྨེག་མེད་རྩ་བརླག་ཏུ་མི་གཏང་བའི་ཆེད་དུ་དཔེ་ཆའི་མིང་བརྗེ་བའམ་སྦས་སྐུང་བྱས་པ། ཡང་ན་གཞན་གྱིས་བཟོ་བཅོས་བཏང་བ་སོགས་གེགས་སྐྱོན་སྣ་ཚོགས་བྱུང་ཡོད་རུང་དད་ལྡན་པའི་ཤེས་རབ་དང་སྟབས་ལེགས་གཉིས་སྦྲགས་ལ་བརྟེན་ནས་ད་བར་ཉར་ཚགས་བྱས་ཐུབ་པ་བྱུང་ཡོད་པའི་ཡིག་ཚགས་དེ་དག་ནི་སྤུ་རྒྱལ་དང་ཞང་ཞུང་། བོད་བཙན་པོའི་སྐབས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཆགས་ཡོད།


དཀར་ཆག


དཀར་ཆག

     གནའ་བོའི་ཞང་ཞུང་གི་རིག་གནས་དེས་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་སྟེ། དང་པོ། ཡིག་རིགས་ནི་མ་མཐའ་ཡང་ལོ་ངོ་སུམ་སྟོང་ལ་ཉེ་བ་ནི་བོད་བཙན་པོའི་སྐབས་ཀྱི་བོད་ཡིག་དེ་དག་ནི་མཚན་གཞི་ཡིན། གཉིས་པ། རྫོགས་པ་ཆེན་པོ་ནི་བོན་གྱི་ཆེས་མཐོའི་ཉམས་ལེན་གྱི་ཐབས་ལམ་ཞིག་ཡིན་ལ་བོན་གྱི་མཚན་ཉིད་མ་ལག་གི་མཚོན་བྱེད་ཅིག་ཀྱང་ཡིན། རྫོགས་ཆེན་གྱི་རིག་པ་དེར་བོན་གྱི་བླ་ན་མེད་པའི་ཤེས་རིག་འདུས་ཡོད་པ་ནི་བོད་ཀྱི་མེས་པོ་རྣམས་ཀྱིས་འཛམ་གླིང་ཡོངས་ལ་བཞག་པའི་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན། གསུམ་པ། གསོ་རིག་འབུམ་བཞི་ནི་གསོ་རིག་བརྒྱུད་བཞིའི་མ་ཕྱི་ཡིན་ཞིང་གསོ་ཐབས་སྨན་དཔྱད་ཀྱི་སྐོར་ནི་འཛམ་གླིང་གི་ཁོངས་སུའང་སྙན་པའི་བ་དན་གཡོ་བ་ལྟར་རེད། བཞི་པ། སྐར་འབྱུང་རྩིས་ཀྱི་སྐོར་ལ་སྔོན་ཐོན་མི་རིགས་གཞན་དང་དོ་ཟླའི་ཚུལ་དུ་གནས་ཡོད་ཀྱང་བློ་གཟུ་བོར་གནས་མ་ཐུབ་པའི་གནའ་དེང་གི་མཁས་པ་རེ་འགས་གཙུག་ལག་རྩིས་ཀྱི་རིག་པ་ནི་བོན་གྱི་མ་ཡིན་པར་བརྫུན་ནས་སྐར་རྩིས་ཀྱི་འབྱུང་ཁུངས་རྒྱ་གར་དཔལ་དུས་ཀྱི་འཁོར་ལོ་དང་། ནག་རྩིས་ཀྱི་འབྱུང་ཁུངས་རྒྱ་ནག་ནས་མ་རྙེད་ཀྱང་བོན་གྱི་ཡིན་པ་དེ་ལའང་ཁས་ལེན་འདོད་མེད་པས་རྒྱ་ནག་ཏུ་ནག་རྩིས་ཆ་འདྲ་བ་ཅུང་ཡོད་པ་རྟོགས་ནས་དུས་རབས་བཅུ་བདུན་པའི་སྐབས་སུ་རྒྱའི་ཡིའི་ཅིང་དེ་བོད་ཀྱི་འབྱུང་རྩིས་ཀྱི་ཁུངས་ཡིན་ཚུལ་ལོག་བཤད་དང་འཁྱོག་བཤད་ཀྱིས་དྲིལ་བསྒྲགས་ཤུགས་ཆེན་བྱས། ལྔ་པ། དམག་དོན་གྱི་ཐད་ལ་དཔའ་ངར་ལྡན་ཞིང་དམག་རྩལ་མཁས་པའི་ཞང་ཞུང་གི་དཔུང་སྡེ་དེས་བོད་བཙན་པོའི་སྐབས་སུ་མཐའ་མཚམས་བརྟན་སྲུང་དང་རྒྱ་བསྐྱེད་ཀྱི་དམག་འཐབ་ནང་དུ་མཛད་རྗེས་འགངས་ཆེན་བཞག་ཡོད་པ་དཔེར་ན། ཕྱོགས་མཚམས་ཀུན་ཏུ་གནས་པའི་ཡ་ང་སེམས་གདུངས་དགོས་ངེས་ཀྱི་བོད་མི་རབས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བཀའ་མི་ལོག་པ་དེ་དག་ནི་ལུས་སྟོབས་རྒྱས་ཤིང་དཔའ་ངར་ཞུམ་མེད་ཡིན་པ་དང་། གཞུང་སེམས་དྲང་ཅིང་བློ་བདེ་བག་ཕེབས་ཀྱི་དཔའ་རྒོད་དང་དཔའ་ཐུལ་རྐྱང་རྐྱང་ཡིན། དྲུག་པ། རྩོམ་རིག་སྒྱུ་རྩལ་གྱི་སྐོར་ལ་དམངས་ཁྲོད་ཀྱི་དཔའ་བོའི་སྙན་ངག་དང་ཆོས་ལུགས་ཀྱི་འཆམ་དང་དམངས་ཁྲོད་ཀྱི་གཞས་དང་ཞབས་བྲོ། བྲག་བརྐོས་ཀྱི་རི་མོ་དང་ཐང་གའི་སྒྱུ་རྩལ་མཐའ་དག་ནི་བོན་གྱི་རིག་གནས་དང་བྲལ་ཐབས་མེད་ལ་དེ་དག་ཐམས་ཅད་ནི་བོན་གྱི་རིག་གནས་རྨང་གཞིའི་སྟེང་ནས་འཕེལ་རྒྱས་བྱུང་ཡོང་བ་ཤ་སྟག་ཡིན།
     ལོ་རྒྱུས་ཀྱི་ཡོ་ལང་འོག་རྒྱུན་མཐུད་དེ་བོན་ཆོས་ཉམས་ལེན་བྱེད་མཁན་དག་གིས་གནའ་རབས་ཀྱི་ཤེས་རིག་ཉར་ཚགས་དང་སྲུང་སྐྱོབ་བྱེད་པའི་ཆེད་དུ་གྲོང་ཁྱེར་དང་བྲལ་ཏེ་དཀའ་སྡུག་ཆེ་བའི་བྲག་རོང་ལུང་ཁུག་དང་ས་ཐག་རིང་བའི་རི་ལུང་དུ་དགོན་སྡེ་བཏབ་ཏེ་མུ་མཐུད་ནས་བོན་ཆོས་སྤེལ་བ་དང་ཡུལ་མཐའ་འཁོར་དུ་གནས་པའི་བཀའ་མི་ལོག་པའི་རྒྱུད་པ་དང་མཉམ་དུ་བཟོད་སྲན་ཆེན་པོས་བོད་མི་རིགས་ཀྱི་གནའ་བོའི་རིག་གནས་རྒྱུན་འཛིན་བྱེད་ཅིང་རང་གི་དད་སེམས་རྒྱུན་སྐྱོང་མཐར་སྐྱེལ་བྱས་ཡོད་པ་རེད། ང་ཚོ་སྤུ་རྒྱལ་བཙན་པོ་ནས་མི་རབས་བརྒྱུད་ཡོང་བའི་བོད་མི་ཞིག་ཡིན་ཚེ་ལྷག་པར་དུ་བོད་ཀྱི་རིག་གནས་ལས་ཀ་བྱེད་མཁན་ཞིག་ཡིན་ཚེ་ཕ་མེས་ཡང་མེས་ཀྱིས་དད་ཞེན་བྱས་མྱོང་བའི་རིན་ཐང་བྲལ་ཞིང་འོད་སྟོང་རབ་ཏུ་འཕྲོ་བའི་གནའ་བོའི་ཆོས་དང་རིག་གནས་ལ་བརྩི་བཀུར་དང་བརྩི་མཐོང་། བརྩི་སྲུང་བྱེད་དགོས་པ་ལས་དམན་ལྟ་དང་བཙོག་ལྟ། སྣང་ཆུང་རྩིས་མེད་དུ་བཏང་བའི་བློ་ཆུང་ཕྱོགས་ཞེན་ཅན་དང་ཁོག་ཆུང་ང་རྒྱལ་ཅན་སོགས་བོད་ཁམས་ཕུང་པའི་ཉེས་ཅན་གཏེ་པོའི་བྱ་སྤྱོད་དེ་ལ་གཟབ་དགོས།
     མུ་ཁྲི་བཙན་པོ་ཞེས་པའི་ལོ་དེབ་འདི་སྤེལ་བའི་དགེ་མཚན་ནི་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་བོད་ཀྱི་ལོ་རྒྱུས་རྣལ་མ་རྣམས་མཚམས་སྦྱོར་ཞུ་བ་དང་སྔའི་འཁྱོག་བཤད་དང་ལོག་བཤད་དག་ལ་ཡོ་བསྲང་བྱེད་པའི་གར་སྟེགས་ཤིག་ཆགས་ཡོད་པས་ཞང་བོད་ཡིག་ཆ་དང་འབྲེལ་བའི་དཔྱད་འབྲས་གསར་པ་གང་མང་མང་ཞིག་འདྲེན་ཐུབ་པ་དེ་བོད་ཀྱི་རིག་གནས་ཉམས་པར་སོར་ཆུད་དང་མ་ཉམས་གོང་འཕེལ་གཏང་ཐུབ་པའི་དོན་སྙིང་ཤིན་ཏུ་ཆེ།

ཚེ་དབང་ལྷ་མོ། ཀྲུང་དབྱང་མི་རིགས་སློབ་གླིང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...