སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྱབ་བདག་རྫོགས་ཆེན་པ༧པདྨ་སྐལ་བཟང་གི་གསུང་འབུམ་དབུ་འབྱེད་འགྲེམ་སྤེལ་མཛད་སྒོ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-4 10:28:00 རྩོམ་ཁུངས། སྔགས་པ། ཀློག་གྲངས།

   སྤྱི་ཟླ6པའི་ཚེས2ཉིན། ཁྱབ་བདག་རྫོགས་ཆེན་པ༧པདྨ་སྐལ་བཟང་གི་གསུང་འབུམ་དབུ་འབྱེད་འགྲེམ་སྤེལ་མཛད་སྒོ་དེ་ཁྲིན་ཏུའུ་གྲོང་ཁྱེར་ཤམ་བྷ་ལའི་གསོལ་མགྲོན་ཁང་ཆེན་མོ་རུ་གཟབ་རྒྱས་ངང་སྤེལ་ཅིང་། ཞིང་ཆེན་ཕྱི་ནང་གི་སྲིད་གཞུང་འགོ་ཁྲིད་དང་དགོན་སྡེ་ཁག་གི་མཁན་སྤྲུལ། ཧྥུའུ་ཏན་སློབ་ཆེན་དང་། ལན་ཀྲོའུ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་སོགས་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པ། རྩོམ་སྒྲིག་པ། གཞན་ཡང་རྩོམ་པ་པོ་དང་ཁེ་ལས་པ། སྨྱན་བྱད་ཁག་གི་གསར་འགོད་པ་སོགས་མི་སྣ200ལྷག་མཛད་སྒོར་ཞུགས།

     མཛད་སྒོའི་སྟེང་དུ་ཐོག་མར་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་རྒྱ་བོད་སྐད་གཉིས་ལམ་ནས་ངོ་སྤྲོད་ཞུས་པ་དང་། དེ་ནས་མཛད་སྒོའི་གཙོ་སྒྲུབ་ཕྱོགས་དང་པར་སྐྲུན་ལས་ཁུངས་ཀྱི་འཐུས་ཚབ་པས་པར་སྐྲུན་ལས་རིམ་ཁག་ངོ་སྤྲོད་བྱས་ཤིང་། བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་ཁང་དཀར་ཚུལ་ཁྲིམས། ཆན་ཝུན་ཀྲོང་། ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཁག་གི་མཁས་དབང་། ལྷོ་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་སློབ་དཔོན་ཆེན་མོ་སོགས་ཚོགས་དབུར་ཕེབས་ནས་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་གདེང་འཇོག་ཆེན་པོ་མཛད།

     ཕྱི་དྲོར་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་དང་ཁོང་གི་གསུང་འབུམ་སྐོར་ལ་དཔྱད་གླེང་འཚོགས་འདུ་བསྡུས་པ་དང་། ཕྱོགས་འདུས་མཁས་པ40ལྷག་གིས་རང་གི་ཆེད་ལས་དང་འབྲེལ་བར་ནང་བསྟན་ལྟ་གྲུབ་དང་ལག་ལེན། ཚན་རིག་དང་ནང་བསྟན་འབྲེལ་བ། སེམས་ཁམས་རིག་པ། བོད་ཀྱི་རྩོམ་རིག་སོགས་ཀྱི་ཟུར་ངོས་ནས་གླེང་མོལ་སྣ་ཚོགས་གནང་ནས། རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེ་ནི་ཕུལ་བྱུང་སྤྱི་ཚོགས་སློབ་གསོ་པ་དང་ནང་བསྟན་བསམ་བློ་བ། བོད་ཀྱི་རིག་གནས་ལོ་རྒྱུས་མཁས་ཆེན། སྙན་ངག་མཁན་པོ་སོགས་ཡིན་པའི་གདེང་འཇོག་མཛད་ཅིང་། རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེའི་གསུང་རྩོམ་པོད་སུམ་ཅུ་སོ་གཉིས་ཀྱི་བདག་ཉིད་ཅན་འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་བོད་ཀྱི་མཁས་པས་དཔར་ཐེངས་གཅིག་ལ་གཏོས་ཆེ་བའི་གསུང་རྩོམ་འགྲེམ་སྤེལ་བྱས་པའི་ཐོག་མ་ཡིན་པར་བསྔགས་ལ། ཡིག་འབྲི་ས་ཡ་དུ་མའི་ནང་དུ་མཆེད་པ་ནི་ཤེས་རབ་ཀྱི་འོད་ཟེར་དང་དགེ་ལེགས་ཀྱི་སྟོབས་ཤུགས་ཡིན་པས་ན། མི་རྣམས་ཀྱི་བདེ་སྐྱིད་འཚོ་བར་ཁ་ཕྱོགས་སྟོན་པའི་བསམ་བློའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་འགྱུར་བ་ནི་སྨོས་མེད་ཡིན་ཞེས་བསྟན།

     མཛད་སྒོ་འདི་ནི་ཀྲུང་གོ་མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་གླིང་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི། སི་ཁྲོན་སློབ་ཆེན་རྟེན་མཛོད་གླིང་སོགས་ཀྱིས་གཙོ་སྒྲུབ་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...