སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྩོམ་པ་པོ་ཆོས་སྐྱོང་གིས་བརྩམས་པའི་དེབ《ཟིང་ལོང་རྡེའུ་འགྲེམས》པར་བསྐྲུན་འགྲེམ་ལ་ཉེ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-11 9:29:00 རྩོམ་ཁུངས། སྦྲང་ཆར་འཕྲིན་སྟེགས། ཀློག་གྲངས།


《ཟིང་ལོང་རྡེའུ་འགྲེམས》དྲིལ་བུར་བསྒྲགས་པའི་ཚིག་ཤམ་མེད་ཤོམ་ཅན་པོ།

     ད་ལྟ་ཁྱེད་ཀྱི་སྤྱན་ལམ་དུ་བཀྲམ་པའི《ཟིང་ལོང་རྡེའུ་འགྲེམས》ཞེས་པ་འདི་ནི། རྩོམ་པ་པོ་ཆོས་སྐྱོང་གིས་བོད་ཀྱི་དེང་རབས་རྩོམ་རིག་གི་སྐོར་ནས་བྲིས་པའི་ཆེད་དེབ་གཉིས་པ་ཡིན་ལ། མཛུབ་མོ་ནང་བཀུག་གིས་བརྩིས་ཚེ། 《ཟིང་ལོང་རྡེའུ་འགྲེམས》དང《རང་གྲོལ་ཞིབ་འཇུག》གཉིས་བར་མི་ལོ་བཅུ་ཕྲག་ལྷག་གི་བགྲང་བྱས་ཆོད་འདུག་པ་ད་གཟོད་ངང་གིས་རྟོགས། ལོ་ངོ་བཅུ་ཕྲག་ལྷག་གི་རིང་དུ། ཁོ་རང་ཉིད་ཐེ་བའི་ཕྱི་ནང་གི་ཁོར་ཡུག་ཕྲ་རགས་ཐམས་ཅད་ལ་འགྱུར་ལྡོག་གང་མང་བྱུང་བ་ནི་སྨོས་ཅི་དགོས། ཡིན་ནའང་། སེམས་བསམ་པའི་གཏིང་ནས་བོད་ཀྱི་དེང་རབས་རྩོམ་རིག་ལ་སློབ་སྦྱོང་བྱེད་པའི་འདུན་པར་སྔར་བཞིན་ཉམས་པ་མེད་ཅིང་། བོད་ཀྱི་དེང་རབས་རྩོམ་རིག་ལ་དཔྱད་འབྲས་ཏིལ་ཙམ་འཇོག་པའི་སེམས་ཤུགས་ཀྱང་སྔར་བཞིན་མ་ཆག་པར་ཡོད། དེ་བས། ཡུལ་དུས་ངེས་ཅན་ཞིག་དང་སྦྲགས་ནས་བརྗོད་ཚེ། 《རང་གྲོལ་ཞིབ་འཇུག》དང《ཟིང་ལོང་རྡེའུ་འགྲེམས》གཉིས་ནི་གོང་སྨོས་ཀྱི་འདུན་པ་དང་སེམས་ཤུགས་ཁྱད་པར་བ་དེ་གཉིས་ཕན་ཚུན་ཉིང་མཚམས་སྦྱར་བའི་འབྲས་བུར། མ་གཅིག་གི་བྱང་ཁོག་བརྒྱུད་ཅིང་ཆད་པའི་མཚེ་མ་ལྟ་བུར་བལྟས་ཆོག་ཆོག་ཡིན་པར་མ་ཟད། སྒེར་ངོས་ཀྱི་རྩིས་འདང་བཟུང་ནས་བཤད་ཚེ། ལོ་ངོ་སུམ་ཅུ་ལྷག་རིང་གི་བོད་ཀྱི་རྩོམ་རིག་བྱུང་འཕེལ་ཁྲོད་བཙའ་གཟེར་ངང་བལྟམས་ཤིང་། ལོ་རྒྱུས་ཀྱི་བདེན་པ་གང་རུང་ཐོད་དུ་བཅིངས་པའི་གཅེས་ཕྲུག་ཟུང་ཞིག་ཏུ་འགྱུར་བར་ཡིད་ཆེས་བརྟན་པོ་ཡོད། ཡང་གཅིག་བཤད་ན།《རང་གྲོལ་ཞིབ་འཇུག》ནི་སྐྱེས་བུ་ཞིག་འཇུག་ངོགས་བྱས་ནས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་བགྱིས་པའི་འབྲས་བུ་ཙམ་དུ་བརྗོད་ཆོག་ཅིང་། 《ཟིང་ལོང་རྡེའུ་འགྲེམས》ནི་དུས་དེབ་ཅིག་སྡིངས་ཆར་བྱས་ནས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཉམས་ཞིབ་བགྱིས་པའི་ཐབས་ལམ་ཙམ་དུ་སྨྲས་རུང་ཕྱིར། གལ་སྲིད་ཁྱེད་ཀྱིས་དེ་གཉིས་དཀྱུས་གཅིག་ཏུ་སྦྲགས་ནས་གཟིགས་ཚེ། བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་འཕེལ་དང་རྣམ་དབྱེ། གོ་དོན་བཅས་ཀྱི་ཐོག་མའི་སྐྱ་ཐིག་གང་ཡང་རུང་བ་ཞིག་མིག་ལ་ཐོགས་འགྱུར་གྱི་གདེང་ཚོད་ཀྱང་ཚོད་ཚོད་དུ་སྐྱེས་སོ།།

     ཆོས་སྐྱོང་ངམ་མིང་གཞན་ཨ་བུར་འབོད་པ་དེས་སྐབས་འདི་དང་བསྟུན། 《ཟིང་ལོང་རྡེའུ་འགྲེམས》ཀྱི་པར་ཞུའི་གོ་རིམ་ཁྲོད་ཞུགས་པའི་དགེ་རྒན་རིན་ཆེན་བཀྲ་ཤིས་དང་ཤ་བོ་ཀླུ་བྱམས། སོག་ཚང་ཚུལ་ཁྲིམས། རོང་བོ་དགེ་འདུན་ལྷུན་གྲུབ། སྒོ་མེ་ཚེ་རིང་བཀྲ་ཤིས། བསེ་ཆང་སངས་རྒྱས་དོན་གྲུབ། ཀརྨ་བསོད་ནམས་རྒྱལ། པད་མ་རིག་འཛིན། ཀླུ་འབུམ་ཚེ་རིང་། ཤ་བོ་ཚེ་བརྟན། བསོད་ནམས་རྡོ་རྗེ་བཅས་པར་གོང་བཀུར་ཆེན་པོ་ཞུས་པ་ཡིན་ལ། ཁོང་རྣམ་པས་ཡིག་ནོར་གཅིག་ཡན་ཆད་བསལ་བའི་བཀའ་དྲིན་སྐུ་དྲིན་དེར་བདག་གིས་གསེར་སྲང་སྟོང་ལས་ལྷག་པའི་འདུ་ཤེས་བཟུང་ནས་ཡོད། གཞན་ཡང་བོད་ཀྱི་རྩོམ་རིག་དུས་དེབ《སྦྲང་ཆར》དང《སྦྲང་ཆར》གྱི་གཙོ་སྒྲིག་པ་རྟ་མགྲིན་སྐྱབས། གཙོ་སྒྲིག་གཞོན་པ་བཀྲ་ཤིས་དོན་གྲུབ། མཁའ་འགྲོ་ཚེ་རིང་། དེབ་འདིའི་རྩོམ་སྒྲིག་འགན་འཁུར་པ་པད་མ་དབང་ཆེན། ཁོ་བོའི་ལས་གྲོགས་སམ་རྩོམ་གྲོགས་ཁོན་ཐར་རྒྱལ་བཅས་པར་ཡང་དཀའ་ལས་སྐུ་ཚེགས་ལ་གཏད་པའི་ཐུགས་རྗེ་མི་དམན་པར་ཞུས་པ་ཡིན། གལ་སྲིད་ཁོང་ཚོའི་དཀྱེལ་ཡངས་དང་བློ་གྲོས་ཀྱིས་དུས་ཡུན་རིང་བོར་བསྐྱངས་པ་མིན་ན། 《ཟིང་ལོང་རྡེའུ་འགྲེམས》ནི་སྦྲུམ་མ་མངལ་ཤོར་གྱི་དཔེ་ལུགས་ལས་འདའ་མི་སྲིད་ཅིང་། དེ་བཞིན་བདག་གི་བཟའ་ཟླ་དང་སྤུན་མཆེད་ཚང་མར་ཡང་ཞེ་ཐག་པ་ནས་ལེགས་སོའི་གཏམ་ཕངས་མེད་དུ་ཞུས་པ་ཡིན་ཏེ། གལ་སྲིད་ཁོང་ཚོའི་མཉེས་གཤིན་གྱི་ཤ་ཚ་དང་སྙིང་ཉེ་དེས་ངང་རྒྱུད་རིང་བོར་གསོས་པ་མིན་ཚེ། 《ཟིང་ལོང་རྡེའུ་འགྲེམས》ཀྱང་ལོང་བ་ཐང་སྟོང་དུ་འཁྱམས་པའི་ངང་ཚུལ་ལས་འགོངས་མི་དཔེའོ། ། ཆེད་དུ། དེབ་འདི་ཚེ་འདས་ཕ་མ་གཉིས་ཀྱིས་བདག་ལ་བོད་སྐད་བོད་ཡིག་གི་ལམ་ཡང་དག་ཅིག་བསྟན་པའི་བཀའ་དྲིན་རྗེས་དྲན་གྱི་སྐྱེས་སུ་ཕུལ་པའི་ཞར་ལ། བདག་གི་བུ་མོ་གངས་སྐྱེས་པད་མ་དང་བུ་ཆུང་རྡོ་རྗེ་རིན་ཆེན་གཉིས་ལ་བོད་སྐད་ཀྱི་གསོས་སུ་བྲིམས་པ་དང་བོད་ཡིག་གི་བུ་ལོན་དུ་བསྐྱིས་པའི་དོད་ཀྱང་ཡིན། སླད་མའི་ཆར། ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག དོན་འགྲུབ་པར་ཤོག་ཅིག
གསལ་བཤད་གལ་ཆེན།
     《ཟིང་ལོང་རྡེའུ་འགྲེམས》ཀྱི་པར་ཞུས་ཡོངས་སུ་རྫོགས་ཤིང་། དཔེ་སྐྲུན་གྱི་འགྲོ་ལུགས་ལྟར་ཚད་དང་རན་པའི་སྒོ་ནས་འབྲེལ་ཡོད་པར་ཁང་ལ་བསྐུར་རྗེས། མ་བསམས་ས་ནས་ད་དུང་ཡང་ཡིག་ནོར་དང་ཆད་ལྷག་རེ་གཉིས་གློག་རྡུལ་པར་གཞི་བརྒྱུད་མིག་ཐོགས་བྱུང་སྟེ། ཉིན་དང་མཚན་ཁ་ཤས་རིང་སེམས་ཁམས་གཏན་ནས་མི་སྐྱིད་པའི་སྡུག་བསྔལ་མྱངས། ལྷག་པར་དུ་དེབ་འདིའི་ཤོག་ངོས332པའི་ཐིག་ཕྲེང་གཉིས་པར་དགག་སྒྲའི་མ་ཡིག་གཅིག་ཆད་པར་བརྟེན། “མི་སྒེར་གྱི་ཉམས་མྱོང་དངོས་ལ་དང་དོད་བྱས་པ་ནི་དེའི་རྒྱུ་རྐྱེན་གཙོ་བོ་ལགས”ཞེས་གོ་དོན་ཕྱིན་ཅི་ལོག་པར་སོང་འདུག  རབ་ཡིན་ན་ཀློག་པ་པོ་སོ་སོས་སྐབས་ཐོག་ཏུ“མི་སྒེར་གྱི་ཉམས་མྱོང་དངོས་ལ་དང་དོད་མ་བྱས་པ་ནི་དེའི་རྒྱུ་རྐྱེན་གཙོ་བོར་འཁུམས”ཞེས་པ་ལྟར་བཅོས་ནས་བླང་བར་བྱའོ། །ཞེས་མ་འོངས་པར《ཟིང་ལོང་རྡེའུ་འགྲེམས》བཀླག་འདོད་ཆེ་བའི་ཀློག་པ་པོ་ལྷན་རྒྱས་ལ་འཕྲིན་ཕྲན་གྱི་སྟེགས་བུ་འདི་བརྒྱུད་ཆེད་དུ་གསལ་བཤད་དང་ཆབས་ཅིག  བཟོད་གསོལ་མི་དམན་པའང་ཞུས་པ་ཡིན།
     རྡོ་རིང་པད་མ་དབང་ཆེན་གྱིས་ཕུལ་དོན། ང་རང་ནི《ཟིང་ལོང་རྡེའུ་འགྲེམས》ཞེས་པའི་དེབ་འདིའི་རྩོམ་སྒྲིག་འགན་འཁུར་པ་སྟེ།《ཟིང་ལོང་རྡེའུ་འགྲེམས》ཀྱི་ཐོག་མའི་ཀློག་པ་པོ་ཡིན་པའི་ཆ་ནས་དེབ་འདི་ལ་ཕྱི་རྒྱུས་ནང་རྒྱུས་ཅུང་ཆེ་བ་ཡིན། དེབ་འདིར་རྩོམ་པ་པོས་རྩོམ་རིག་བརྩམས་ཆོས་ལས་འཕྲོས་ཏེ། རྩོམ་རིག་གཞུང་ལུགས་དང་སྦྱར་ནས། རང་གི་མྱོང་བ་དང་འབྲེལ་ཐོག་རྩོམ་མཁན་གྱིས་བརྗོད་འདོད་པ་གང་ཞིག གཞན་གྱིས་བརྗོད་མ་བཏུབ་པ་གང་ཞིག དཔྱད་བརྗོད་པའི་སྡེ་རུ་ངེས་པར་བརྗོད་དགོས་པ་གང་ཞིག་གནད་ལ་འཁེལ་བ། དོན་འདུས་པ། ཆ་ཚང་བའི་སྒོ་ནས་བརྗོད་ཡོད་པར་མ་ཟད། ས་བཅད་བགོ་སྟངས་ཁོ་ནའི་ཆ་ནས་བལྟས་ནའང་རྩོམ་མཁན་གྱིས་དཔེ་དེབ་འདི་ལ་བློ་གྲོས་ཀྱི་ངར་བླུད་པའི་ཆ་དེ་མཐོང་ཐུབ་ལ། དཔྱད་བརྗོད་པས་དཔེ་དེབ་འདི་ལ་ཤེས་རབ་ཀྱི་བཅུད་བསྟབས་པའི་ཆ་དེ་ཡང་གསལ་བོར་མཐོང་ཐུབ། འདི་ལྟ་བུའི་བོད་ཀྱི་དེང་རབས་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད་བཅས་པར་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་སྤྱིའི་ཆ་ནས་གསེད་འགྲོལ་བྱས་པའི་དེབ་ཅིག་ད་བར་དུ་བྱུང་མ་མྱོང་ཞེས་བརྗོད་ཆོག་ཅིང་། བོད་ཀྱི་རྩོམ་རིག་གི་ལས་ཀ་གཉེར་མཁན་དང་བོད་ཀྱི་རྩོམ་རིག་ལ་མོས་པ་ཡོད་མཁན་ཞིག་ཡིན་ན། དཔེ་དེབ་འདི་མ་བཀླགས་པ་ནི་མི་ཚེའི་ཕངས་སེམས་ཤིག་ཡིན་ནོ།།

     ཆོས་སྐྱོང་། མིང་གཞན་ལ་ཨ་བུ་ཟེར། 1978ལོར་མཚོ་སྔོན་ཞོན་ཧྭ་རྡོ་སྦིས་རྒྱ་ཚང་སྡེ་བར་སྐྱེས། 1994ལོ་ནས1998ལོའི་བར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་དུ་དངོས་གཞིའི་སྦྱང་ཚན་གཉེར། 1999ལོ་ནས2001ལོའི་བར་སློབ་གྲྭ་དེ་གའི་བོད་ཀྱི་གནའ་རབས་ལོ་རྒྱུས་གསོ་སྦྱོང་འཛིན་གྲྭ་འགྲིམས། 2017ལོར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའི་གྲས་སུ་ཞུགས། ད་ལྟ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་སྒྲུབ་མུས་ཡིན། 《པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་གསུང་འབུམ》(པོད་གསུམ)དང《དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང》(པོད་སུམ་ཅུ)《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས》(པོད་བཞི་བཅུ)བཅས་ཀྱི་རྩོམ་སྒྲིག་པར་ཞུའི་ཚོགས་ཅུང་ཙམ་བསགས། 《ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས》(2012ལོ་ནས2016ལོའི་བར)བོད་འགྱུར་གྱི་ལོ་ཙཱའི་ཕན་ཏིལ་ཙམ་བཏགས། དུས་མཚུངས་སུ《སྙན་ཞུ་རྩོམ་རིག》ཚན་སྐོར་གྱི་གཙོ་སྒྲིག་པའི་འགན་བཅོལ་ཇི་བཞིན་དུ་གྲུབ། མི་སྒེར་གྱི་བརྩམས་ཆོས་ལ《རང་གྲོལ་ཞིབ་འཇུག—དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་མི་ཚེ་དང་གསར་གཏོད་ཀྱི་སྙིང་སྟོབས》དང《ཟིང་ལོང་རྡེའུ་འགྲེམས—〈སྦྲང་ཆར〉གཞིར་བཞག་སྟེ་དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གཏམ་དུ་གླེང་བ》《རྡུལ་འཚུབ་ལང་ལོང—ཨ་ལེའི་སྒྲུང་ཐུང་བདམས་བསྒྲིགས》(བོད་འགྱུར)《འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ》(བོད་འགྱུར)《གྱང་ཆག—ན་རོའི་སྙན་ངག་ཕྱོགས་བསྒྲིགས》(རྒྱ་འགྱུར)《སཾ་རྒྱ་ཤན་སྦྱར་སྒྲ་ལྡན་ཚིག་མཛོད》(རྒྱ་འགྱུར་མཉམ་ལས)སོགས་མཆིས།   སྒྲུང་གཏམ་དང་ལྷུག་རྩོམ།  དཔྱད་བརྗོད། འགྱུར་རྩོམ་བཅས་པའི་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བོད་ཁམས་ཀྱི་ཚགས་དེབ་ཁག་ཏུ་སྤེལ་ཅིང་།《རང་གྲོལ་ཞིབ་འཇུག》ཐེ་བའི་བརྩམས་ཆོས་སྐོར་ཞིག 《སྦྲང་ཆར་ལོ་འཁོར20དཔེ་ཚོགས》དང《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》སོགས་དཔེ་ཚོགས་ཆེ་གྲས་དག་ཏུ་བདམས་པར་མ་ཟད། ཡིག་རིགས་གཞན་དུ་འགྱུར་བའང་རེ་གཉིས་མཆིས། རྩོམ་རིག་དཔྱད་བརྗོད《ཕྱིར་འཁོར་བ》ཞེས་པར་སྐབས་དྲུག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”རག་ཅིང་། ཆེད་དེབ་ཐོག་མ《རང་གྲོལ་ཞིབ་འཇུག》ཅེས་པར་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི“རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་བྱ་དགའ”ཨང་དང་པོ་དང་། སྐབས་བདུན་པའི“རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་བྱ་དགའ”ཐོབ། བོད་འགྱུར་སྒྲུང་གཏམ《གཞས་དབྱུག》ཅེས་པར2015ལོའི《མི་རིགས་རྩོམ་རིག》གི་ལོ་ཙཱའི་བྱ་དགའ་ཐོབ་པ་བཅས་ཀྱིས་མཚོན་ཞིང་ཆེན་ཕྱི་ནང་དང་སྤྱི་སྒེར་གཉིས་ཀྱི་གཟིགས་བཟོས་མང་བོ་བུ་ལོན་གྱི་གསོས་སུ་ཉར་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...