སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་དང་པོ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ། རིན་སྤུངས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-19 10:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་མདོ་སྨད་མདའ་ཚང་ཡུལ་གྱི་བོན་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན་དང་མདོ་ཁམས་ཡུལ་གྱི་བོན་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་འཛུམ་བཞད་སོགས་སྤར་དུ་སྐྲུན་པའི་ལོ་འགའི་རྗེས་སུ། ཉེ་ཆར་འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་དང་པོ་བདག་ཉིད་ཅན་དེ་སྤར་བསྐྲུན་བྱས་ནས་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཕུལ།
     འབྲུག་ཆུའི་བོན་གྱི་ཡིག་རྙིག་དཔེ་ཚོགས་འདི་ནི2016ལོར་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་སྤར་སྐྲུན་རོགས་དངུལ་གྱི་ལས་གཞིར་བཀོད་པ་དང་། སྐུ་ཞབས་བློ་གསལ་དང་ལིང་ཅི་ཞའོ། ཆོན་ཡོན་ཁང་རྣམས་ཀྱིས་གཙོ་སྒྲིག་བྱས་སོ།།

     ཀན་སུའུ་ཞིང་ཆེན་གྱི་འབྲུག་ཆུ་རྫོང་ནས་བོན་གྱི་དཔེ་དཀོན་བྲིས་མ་འབོར་ཆེན་ཞིག་རྙེད་པའི་སྐོར་གྱི་གསར་འགྱུར་སྤེལ་རྗེས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་སྐད་གྲགས་ཆེན་པོ་ཐོན་པ་རེད། དེ་དང་བསྟུན་ནས་ཀན་སུའུ་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཀན་སུའུ་ཞིང་ཆེན་མི་རིགས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིག་ཚགས་ཅུའུ་རྣམས་ཀྱིས་འབྲུག་ཆུ་ནས་རྙེད་པའི་བོན་གྱི་དཔེ་དཀོན་འདི་དག་ལ་གཙིགས་འཛིན་གནང་བ་མ་ཟད། བོན་གྱི་དཔེ་དཀོན་བྲིས་མ་འདི་དག་སྔོན་འདོན་དང་འཚོལ་བསྡུ། ལེགས་སྒྲིག་དང་སྤར་སྐྲུན་གྱི་བྱ་བ་ལ་ཕྱོགས་གང་ཅིའི་ཐད་ནས་རྒྱབ་སྐྱོར་གནང་། ཀན་ལྷོའི་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་གཞོན་པ་བློ་གསལ་དང་ལས་ཁུངས་འདིའི་ལས་བྱེད་མི་སྣ་རྣམས་ཀྱིས་གཙོས་པའི་ས་གནས་ཀྱི་མི་ཤུགས་དང་སྟོབས་ཤུགས་ཐེངས་མང་པོར་རྩ་འཛུགས་བྱས་ནས་འབྲུག་ཆུ་རྫོང་གི་འཕན་ཏེན་དང་ཧན་པན་སོགས་བོད་ཀྱི་གྲོང་ཚོ་བཅུ་ཕྲག་ལ་སོང་སྟེ་ལོ་ན་མཐོ་བའི་གྲོང་སྔགས་དང་བོན་གྱི་གནའ་དཔེ་ཉར་མཁན་རྣམས་ལ་བཅར་འདྲི་བྱས་ཤིང་ཟིན་ཐོ་བཀོད་པ་དང་། བོན་གྱི་གནའ་དཔེའི་ཤོག་ལྡེབས་ཁྲི་གསུམ་ལྷག་གློག་རྡུལ་འདྲ་བཤུས་བརྒྱབ་པ། ཆོས་ཀྱི་ཡོ་བྱད་སྟོང་ཕྲག་འགར་པར་བླངས་པ། དེ་མིན་བརྙན་ལམ་དང་སྒྲ་གཟུགས་ཕབ་པའི་ཚུལ་དུ་ཡིག་ཚགས་རྩ་ཆེན་ཞིག་བསྒྲིགས་ཤིང་ཉར་ཡོད། ཁྱད་པར་དུ་2016ལོའི་ཟླ7པར་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གིས་ཀན་སུའུ་འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་ཡུལ་དངོས་རྟོག་ཞིབ་དང་ཞིབ་བསྡུར་ཚོགས་འདུ་གཙོ་སྒྲུབ་གནང་ཞིང་། བྱ་འགུལ་འདིའི་ཁྲོད་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ། ལན་གྲུ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཆོས་འཕེལ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་བཀྲ་ཤིས་ཚེ་རིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཐོགས་མེད་སོགས་མཁས་དབང་རྣམས་འབྲུག་ཆུར་གདན་དྲངས་བྱས་ནས་བོན་གྱི་དཔེ་རྙིང་བཅར་འདྲིར་ཕྱིན་ཏེ་གཟིགས་ཞིབ་གནང་། མཁས་དབང་རྣམས་ཀྱིས་དཔེ་རྙིང་གི་ནང་དོན་དང་ལོ་ཚིགས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་མཉམ་དུ། དཔེ་རྙིང་འདི་དག་ལ་སྲུང་སྐྱོབ་དང་རྒྱུད་འཛིན་གྱི་སྐོར་གལ་ཆེ་བའི་དགོངས་འཆར་བཏོན་པའོ།།

     ད་ཐེངས་འཚོལ་བསྡུ་དང་དག་སྒྲིག སྤར་སྐྲུན་བྱས་པའི་འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པ་འདིའི་ཡེ་གེའི་ཁྱད་ཆོས་དང་འབྲི་ལུགས། ཡིག་མགོའི་མཚོན་རྟགས། ཚིག་གི་བརྗོད་སྟངས། བར་བཅུག་དཔེ་རིས་སོགས་ཀྱི་ཐད་ནས་བཤད་ན། གནའ་དཔེ་འདི་དག་ནི་སྤྱི་ལོ་དུས་རབས་བཅུ་བ་ནས་བཅུ་གསུམ་པའི་བར་གྱི་བོན་གྱི་དཔེ་དཀོན་བྲིས་མ་ཡིན། བརྗོད་བྱའི་ནང་དོན་གྱི་ཐད་ནས་བཤད་ན་གནའ་དཔེ་འདི་དག་ཕལ་མོ་ཆེ་ནི་སྔ་དུས་སྲིད་པ་བོན་གྱི་གནའ་དཔེ་ཡིན་པ་དང་གཡུང་དྲུང་བོན་གྱི་གནའ་དཔེ་ཡང་ཉུང་ཙམ་འདུས་པ་སྟེ། གཙོ་བོར་སྐར་རྩིས་དང་མོ་ཡིག་གི་སྐོར། གསོལ་འདེབས་དང་གཏོར་བསྔོའི་སྐོར། ཐབ་ལྷའི་སྐོར། མཆོད་པའི་གཞི་བདག་གི་སྐོར། སྒྲ་བླའི་སྐོར། བླ་འགུག་གི་སྐོར། བགེགས་སྐྲོད་རིམ་གྲོའི་སྐོར་སོགས་ཡོད། གནའ་དཔེ་ཁ་ཤས་སུ་རྟོགས་དཀའ་བའི་བོན་གྱི་སྲུང་འཁོར་རམ་ཆོ་གའི་རི་མོ་མང་དག་ཅིག་འདུས་པ་པ་དང་། མཐོང་དཀོན་པའི་སྐུང་ཡིག་ཀྱང་མང་པོ་བཀོད་པ་མ་ཟད། ཞང་ཞུང་རྒྱལ་རབས་སྐབས་སུ་སྤྱོད་པའི་སྨར་ཆུང་གི་ཡི་གེ་ཡང་མཐོང་ཐུབ་ཕྱིར། དེའི་ནང་དོན་རྟོགས་དཀའ་ཞིང་ལོ་རྒྱུས་དང་རིག་གནས་ཀྱི་དཔྱད་གཞིའི་ཡིག་ཆའི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་དོན་སྙིང་ཤིན་ཏུ་ཆེ་ཞིང་། བོན་གྱི་ལོ་རྒྱུས་དང་རིག་གནས། ཞང་ཞུང་ཡི་གེ། བོད་ཡིག་གི་གནའ་བོའི་སྐུང་ཡིག་གི་འབྲི་སྟངས་སོགས་ཞིབ་འཇུག་བྱེད་པར་གལ་ཆེ་བའི་ཡིག་ཆ་ངེས་སོ།།

     འབྲུག་ཆུ་རྫོང་ནས་རྙེད་པའི་བོན་གྱི་དཔེ་དཀོན་བྲིས་མ་ནི་གྲངས་འབོར་མང་བ། བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་ཤིང་དུས་ཚོད་སྔ་བ་སྟེ་དེ་རེག་བར་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་མ་ཚད། ཡང་ཁྱད་ཆོས་འགའ་མངོན་གསལ་དུ་ཐོན་པ་སྟེ། གཅིག འབྲུག་ཆུའི་བོན་གྱི་གནའ་དཔེ་འདི་དག་དགོན་སྡེའི་ནང་དུ་ཉར་མེད་ལ་བོད་ཀྱི་གྲོང་ཚོའི་ཁྱིམ་ཚང་གིས་ཉར་ཡོད་པ་དང་དེ་དམངས་ཁྲོད་ཅན་དང་ཁྱིམ་རྒྱུད་ཅན། རྒྱུད་འཛིན་ཅན་བཅས་ཀྱི་ཁྱད་ཆོས་མངོན། གཉིས། གནའ་དཔེ་ཁག་ཅིག་གི་ནང་དུ་རྟོགས་དཀའ་བའི་ཆོ་གའི་རི་མོ་འདི་དག་ལོ་བརྒྱ་ཕྲག་འགའ་འགོར་ནའང་དཔེ་རིས་ཀྱི་ཚོན་མདོག་རྣམ་པར་བཀྲ་ཞིང་གསོན་ཉམས་ལྡན་པ་ཡིན། གསུམ། འབྲུག་ཆུའི་བོན་གྱི་གནའ་དཔེའི་ནང་གི་ཚིག་སྦྱོར་དང་ཐ་སྙད་ཀྱི་ཆ་ནས་སྐད་གསར་བཅད་སྔོན་གྱི་མིང་བརྡ་མང་པོ་དང་། དབུ་འཁྱུད་ཀྱི་འབྲི་སྟངས་དེ་ཏུན་ཧོང་གཏེར་ཡིག་གི་འབྲི་སྟངས་དང་ཆ་འདྲ་ཞིང་། དཔེ་རྙིང་གི་ནང་དོན་དུའང་བོད་བཙན་པོའི་རྒྱལ་རབས་སྔ་དུས་ཀྱི་ཡུལ་ཕྱོགས་དང་ས་མིང་ཡོད། བཞི། འབྲུག་ཆུའི་བོན་གྱི་གནའ་དཔེའི་ནང་དུ་ཏུན་ཧོང་གཏེར་ཡིག་ཏུ་མཐོང་མ་མྱོང་བའི་ཡིག་རིས་དང་བྲིས་ཀྱི་རྫོགས་མཚམས་སུ་སྨར་ཆུང་དང་ཆ་འདྲ་བའི་ཡིག་གཟུགས་མང་པོ་བཀོད། ལྔ། དཔེ་རྙིང་གི་འབྲི་སྟངས་ཀྱི་ཆ་ནས་དབུ་ཅན་དང་དབུ་མེད་གཉིས་ཆར་སྤྱད་ཅིང་སྐུང་ཡིག་ཅུང་མང་བ། ཨང་ཡིག་དང་མཚོན་རྟགས་ཀྱིས་མིང་ངམ་ཚིག་གི་ཚབ་བྱེད་པའང་མང་། ལོ་བརྒྱ་ཕྲག་འགའ་འགོར་ཞིང་བསྡུ་ཉར་གྱི་ཆ་རྐྱེན་ཞན་པས་གནའ་དཔེའི་ཤོག་ལྡེབས་ལ་ལ་བོར་བྱུང་། ལ་ལ་མེ་སྐྱོན་ནམ་ཆུ་འཇིག་གི་གནོད་འཚེ་ཐེབས་པས་ཡིག་རིས་མི་གསལ་རབ་རིབ་བམ་ཤོག་ལྡེབས་ཐེད་པོར་གྱུར་སྟབས། ནང་དོན་གྱི་གོ་རིམ་སྒྲིག་པ་དང་ངོས་འཛིན་བྱེད་ན་ཤིན་ཏུ་དཀའ། དེའི་ཕྱིར། འབྲུག་ཆུའི་བོན་གྱི་གནའ་དཔེ་འདི་དག་ལ་འཚོལ་བསྡུ་དང་ལེགས་སྒྲིག སྲུང་སྐྱོབ་དང་སྤར་སྐྲུན། ཞིབ་འཇུག་དང་འགྲེལ་བཤད་སོགས་ཀྱི་བྱ་བ་དེའང་ཤིན་ཏུ་གལ་གནད་ཆེ་བའི་དུས་ཚོད་ལ་ཉེ་བར་སླེབས་སོ།།

    འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་སྤར་སྐྲུན་བྱེད་པ་དེ་བོད་ཀྱི་དཔེ་རྙིང་འཚོལ་བསྡུ་དང་ཞིབ་འཇུག་ལ་དོན་སྙིང་གལ་ཆེ་ཞིག་ལྡན་པ་སྟེ། འབྲུག་ཆུའི་བོན་གྱི་གནའ་དཔེ་འདི་དག་གི་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་ཤིང་དུས་རབས་སྔ་བ་ཡིན་སྟབས། མདོ་དབུས་མཐོ་སྒང་གི་གནའ་བོའི་ཤེས་རིག་དཔལ་ཡོན་གྱི་འབྱུང་ཁུངས་དང་འཕེལ་རིམ། བསམ་བློའི་ལོ་རྒྱུས། ཆོས་ལུགས་དད་མོས། རིག་གནས་སྲོལ་རྒྱུན། སྤྱི་ཚོགས་འཚོ་བ། ཡི་གེའི་འབྲི་ལུགས་སོགས་ལ་རྟོག་དཔྱད་དང་ཞིབ་འཇུག་བྱེད་ན་ཁུངས་བཙུན་ཞིང་ཡང་དག་པའི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་ཞིག་མཁོ་སྤྲོད་བྱེད་ཐུབ། འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པ་དེའང་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་འཚོལ་བསྡུ་དང་དག་སྒྲིག སྲུང་སྐྱོབ། རྒྱུད་འཛིན་བྱེད་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཡིན་ལ། དེས་ཀྱང་མི་རིགས་ཀྱི་ཁྱད་དུ་འཕགས་པའི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བོད་ཀྱི་གནའ་དཔེ་འཚོལ་བསྡུ་དང་སྤར་སྐྲུན་གྱི་བྱ་བ་ལ་སྐུལ་དུ་འདེད་པར་ཕན་ཐོགས་ཆེན་པོ་ལྡན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...