སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《དོར་ཞི་གདོང་དྲུག་སྙེམས་བློའི་དེབ་ཕྲེང》དཔར་འགྲེམས་བྱས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-2 8:58:00 རྩོམ་ཁུངས། མཚོ་སྔོན་བོད་ཡིག་དྲ་བ། ཀློག་གྲངས།

《དོར་ཞི་གདོང་དྲུག་སྙེམས་བློའི་དེབ་ཕྲེང》གི་ནང་དོན་མདོར་བསྡུས།
     དགེ་བའི་བཤེས་གཉེན་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མཚན་སྙན་གྱི་བ་དན་རྣམ་པར་གཡོ་བའི་མཁས་པའི་དབང་པོ་ཞིག་ལགས། ཁོང་གིས་དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་ཁྲིད་གནང་ཞོར་གྱི་ཁོམ་སྐབས་དང་། ལས་འཁྱུར་ངལ་གསོ་གནང་རྗེས་ཀྱི་དུས་ཚོད་གང་ཡོད་སྤྱད་ནས་ད་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བོད་བརྒྱུད་ནང་བསྟན་དང་། ཚད་མ། བརྡ་སྤྲོད། སྙན་ངག ལོ་རྒྱུས་ལ་སོགས་པའི་སྐོར་གྱི་ཕྱག་དཔེ་དང་། སྙན་རྩོམ། དཔྱད་རྩོམ་བཅས་སྐད་གྲགས་ཁྱབ་པ་མང་པོ་ཞིག་དཔར་དུ་བསྐྲུན་ཅིང་སྤེལ་ཡོད་པ་ལས། ད་རེས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཁས་དབང་ཁོང་གིས་བོད་ཡིག་གི་ལམ་ནས་བརྩམས་པའི་ཕྱག་རྩོམ་གང་ཡོད་ཕྱོགས་སྒྲིག་བྱས་ཏེ། རྒྱ་ཆེའི་གཟིགས་པ་པོའི་སྤྱན་སྔར་པོད་བཅུའི་བདག་ཉིད་ཅན་འདི་ཉིད་འབུལ་རྩིས་ཡོད་པ་སྟེ།
     པོད་དང་པོ། སྙན་རྩོམ་སེང་གེ་དཀར་མོའི་བཞད་སྒྲ། པོད་འདིའི་ནང་དུ་སྙན་ངག་གི་ལམ་ནས་བརྩམས་པའི་བསྟོད་ཚོགས་དང་། བསླབ་བྱ། འཕྲིན་ཡིག  ཤིས་ཚིག་བཅས་སྐོར་གྱི་ཕྱག་རྩོམ་དག་བསྡུས་ཡོད།
     པོད་གཉིས་པ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས། པོད་འདིའི་ནང་དུ་སྙན་ངག་རིག་པའི་ཤེས་བྱ་གནད་བསྡུས་དང་། དོན་རྒྱན་སོ་ལྔའི་སྤྱི་དོན། སྙན་ངག་གི་བྱུང་རབས་མདོར་བསྡུས། དབྱངས་ཅན་མ་དང་སྙན་ངག་རིག་པ། སྙན་ངག་གི་སྐྱོན་སེལ་བཤད་པ་རྩོམ་རིག་བྱི་དོར་སོགས་སྙན་ངག་གཞུང་ལུགས་ཐད་དཔྱད་ཞིབ་གནང་བའི་ཕྱག་རྩོམ་དག་བསྡུས་ཡོད།
     པོད་གསུམ་པ། དབུ་ཚད་གསུང་བཏུས་རིན་ཆེན་སྒྲོམ་བུ། པོད་འདིའི་ནང་དུ་འཕགས་པ་ཀླུ་སྒྲུབ་དང་། ཐོགས་མེད། དབྱིག་གཉེན། རྟ་དབྱངས་སོགས་དབུ་ཚད་ཀྱི་དེད་དཔོན་དག་གི་མཛད་རྣམ་དང་། དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ། ཚད་མའི་དོགས་དཔྱོད་སོགས་དབུ་ཚད་སྐོར་གྱི་ཕྱག་རྩོམ་དག་བསྡུས་ཡོད།
     པོད་བཞི་པ། སངས་རྒྱས་ཆོས་ལུགས་སྤྱི་བཤད་བློ་གསལ་འཇུག་ངོགས། པོད་འདིའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་བྱུང་རབས་དང་། ལྟ་སྒོམ་སྤྱོད་གསུམ། ནང་དོན་རིག་པའི་གཞུང་ལུགས་ཚན་རིག་དང་མཐུན་མིན། གྲུབ་མཐའ་སྨྲ་བ་བཞིའི་འདོད་ཚུལ་སོགས་ནང་བསྟན་གཞུང་ལུགས་སྐོར་གྱི་ཕྱག་རྩོམ་དག་བསྡུས་ཡོད།
     པོད་ལྔ་པ། ཐོར་རྩོམ་ཕྱོགས་བསྡུས་མ་ལི་ཀའི་དོ་ཤལ། པོད་འདིའི་ནང་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སོགས་ལོ་རྒྱུས་མི་སྣ་འགའི་རྣམ་ཐར་དང་། དགོན་པའི་གདན་རབས། ལོ་ཙཱའི་གནད་ལྔ། སྔོན་འགྲོའི་གཏམ་དུ་མཛད་པའི་མགོ་བརྗོད་ལ་སོགས་པའི་ཕྱག་རྩོམ་དག་བསྡུས་ཡོད།
     པོད་དྲུག་པ། དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ། པོད་འདིའི་ནང་དུ་བོད་ཀྱི་ལོ་རྒྱུས་མི་སྣ་འགའི་རྣམ་ཐར་དང་འཁྲུངས་འདས་ལོ་ཚིགས། བརྡ་སྤྲོད་དང་སྐད་ཡིག རྩོམ་རིག  བོད་ཡིག་སློབ་གསོ། སྲོལ་རྒྱུན་རིག་གནས་སོགས་སྐོར་གྱི་དཔྱད་རྩོམ་དག་བསྡུས་ཡོད།
     པོད་བདུན་པ། གྲགས་རྩོམ་ཚིག་འགྲེལ་བློ་གསལ་དགའ་སྟོན།   པོད་འདིའི་ནང་དུ་སྙན་ངག་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་། རྟེན་འབྲེལ་བསྟོད་པའི་མཆན་འགྲེལ། རྗེའི་བསྟོད་འགྲེལ་སོགས་འགྲེལ་རྩོམ་གྱི་སྐོར་བསྡུས་ཡོད།
     པོད་བརྒྱད་པ། བརྡ་སྤྲོད་རིག་པའི་རྣམ་བཤད་གསར་སློབ་བདེ་ལམ། པོད་འདིའི་ནང་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་རྣམ་དབྱེ་དང་། ཚིག་ཕྲད་ཀྱི་རྣམ་གཞག བྱ་ཚིག་གི་རྣམ་གཞག་དང་འཇུག་ཚུལ། བདག་གཞན་བྱ་བྱེད་ལས་གསུམ་གྱི་གོ་དོན་དང་དབྱེ་བསྡུ། རྟགས་འཇུག་གི་གནད་དོན་སོགས་བརྡ་སྤྲོད་རིག་པའི་སྐོར་གྱི་ཕྱག་རྩོམ་དག་བསྡུས་ཡོད།
     པོད་དགུ་པ། ནང་བསྟན་ཆོ་ག་མདོར་གསལ་དགེ་ལེགས་དཔལ་སྟེར། པོད་འདིའི་ནང་དུ་གསང་སྔགས་དང་། དབང་ཆོག  སྒོམ་བཟླས་དང་རྗེས་གནང་། གསོལ་མཆོད་སོགས་བོད་བརྒྱུད་ནང་བསྟན་གྱི་ཆོ་གའི་སྐོར་གྱི་ཕྱག་རྩོམ་དག་བསྡུས་ཡོད།
     པོད་བཅུ་པ། དག་ཡིག་ཤེས་བྱ་རབ་གསལ་གྱི་མཆན་འགྲེལ་རབ་གསལ་སྣང་བ།    པོད་འདིའི་ནང་དུ་འཇམ་དབྱངས་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོའི་ཐུགས་སྲས་དགེ་བཤེས་ཆེན་མོ་དཔའ་རིས་འཇིགས་མེད་དམ་ཆོས་ཀྱིས་བརྩམས་པའི་《དག་ཡིག་ཤེས་བྱ་རབ་གསལ་》ཞེས་པར་མཆན་འགྲེལ་མཛད་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...