སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《འཚོལ་སྙེག་དང་བསམ་གཞིག》ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-3 9:11:00 རྩོམ་ཁུངས། བྲག་རྡོའི་འཕྲིན་སྟེགས། ཀློག་གྲངས།

     《འཚོལ་སྙེག་དང་བསམ་གཞིག》ཅེས་པ་ནི་ཁོ་བོས་ལས་ཞོར་དུ་བྲིས་པའི་རྩོམ་ཡིག་དག་ལས་ཚགས་དེབ་སོགས་སུ་བཀོད་ཟིན་པའི་དཔྱད་རྩོམ་རྣམས་གཅིག་ཏུ་བསྡུས་ཏེ་པར་བསྐྲུན་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་ཅིག་ཡིན།དེ་ཡང་ཁོ་བོ་བྱ་བའི་ལས་གནས་སུ་ཞུགས་པའི་ཉིན་དང་པོ་ནས་བཟུང་སྟེ《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་རྩོམ་སྒྲིག་གི་ལས་ལ་གཞོལ་བའི་སྐལ་པ་ལྡན་པ་འདི་ནི་ཁོ་བོའི་མི་ཚེའི་ཁྲོད་ཆེས་དགའ་འོས་ཤིང་ཆེས་ཡིད་ཚིམ་པ་དང་།ཆེས་དོན་སྙིང་ལྡན་ཞིང་ཆེས་བརྗེད་ཐབས་བྲལ་བའི་གོ་རིམ་ཞིག་ཏུ་སེམས་ཡོད་པས།དམིགས་སུ་ཕྱོགས་བསྒྲིགས་དེབ་འདིའི་ཁྲོད་དུ《བོད་ཀྱི་སྙན་ངག་གསར་བའི་གཤིན་ས》ཞེས་པའི《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་སྐོར་གླེང་བའི་རྩོམ་ཡིག་འདི་གལ་ཆེན་རང་བཞིན་གྱིས་ཆེས་ཐོག་མར་སྤེལ་ཡོད་པ་དང་།ཐོག་མཐའ་བར་གསུམ་དུ་ལྷག་བསམ་དང་ཀུན་སློང་གཙང་མ་ཞིག་གིས་ཀུན་ནས་བསྒོས་ཏེ་ཁུར་བབས་ཀྱི་ལས་ལ་བློ་གཅིག་སེམས་གཅིག་དང་འབད་བརྩོན་ལྷོད་མེད་བྱས་ཤིང་།ཤ་ཞེན་རུས་གདུང་གི་ངང་ནས་དུས་དེབ་འདིའི་འདས་མ་ད་གསུམ་གྱི་རྒྱུ་མཚན་ཞིབ་ཚགས་སུ་འོས་སྦྱོར་བགྱིས་པ་ཡིས་དུས་དེབ་ལ་བཅངས་པའི་བརྩེ་བ་ཐམས་ཅད་ཡོངས་སུ་འཐུས་པར་བྱས་ཡོད།འདི་ཡང་དོན་གྱིས་དཔྱད་རྩོམ་ཕྱོགས་བསྒྲིགས་འདི་པར་སྐྲུན་བྱེད་པའི་དགོས་པ་གཙོ་བོ་ཡིན་པར་མ་ཟད།ཁོ་བོས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་རྩོམ་སྒྲིག་གི་བྱ་བ་རྐྱང་རྐྱང་བསྒྲུབས་པའི་ལག་རྟགས་ཙམ་དང་།ཡང་ན་མི་ཚེའི་བཞུད་ལམ་ཁྲོད་མདུན་སྐྱོད་ཀྱི་རྐང་རྗེས་ཕྲན་བུ་ཞིག་ཏུའང་འཁུམས་ཡོད།འདིར་ད་དུང་ཆེད་དུ་ཞུ་རྒྱུ་ཞིག་ལ།མཇུག་གི“ཟུར་བཀོད”ནང་བཀོད་པའི་རྩོམ་ཡིག་དག་ནི་ལོ་འདི་འགའི་རིང་དུ་དགོས་དབང་གིས་རྩོམ་རིག་བྱ་འགུལ་སོགས་ལ་ཞུགས་སྐབས་སུ་འཚབ་འཚུབ་ཏུ་བྲིས་པའི་མགོ་འཛིན་ཞུ་ཚིག་སྐོར་ཞིག་ལས་བདམས་པ་ཡིན་ལ།ཐེངས་འདིར་དཔྱད་རྩོམ་ཕྱོགས་བསྒྲིགས་སུ་བཀོད་པ་ནི་ཏག་ཏག་ཁ་སྐོང་ཙམ་དུ་ཟད་པ་ལས།ཀློག་འདོན་གྱི་རིན་ཐང་ཅི་ཡང་མེད་པ་ནི་སྨོས་མེད་ཡིན་པས།བློ་དཀྱེལ་ཡངས་པའི་དཔྱོད་ལྡན་རྣམས་ལ་བཟོད་གསོལ་ཞུ།
     མཐར་ཕྱོགས་བསྒྲིགས་དེབ་འདིའི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ཁྱད་དུ་འཕགས་པ་ཞིག་གཏན་ནས་མིན་སྲིད་ཀྱང་།ལྷག་བསམ་ཟོལ་མེད་ཁོ་ནར་མགོ་བསྙེས་རྒྱབ་བརྟེན་བཅོལ་ཏེ་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་སྤྱན་སྔར་བསྟར་བ་དགེ་བར་གྱུར་ཅིག། 

ཞེས་ཟླ་ཚེས་བཟང་བོར་གཏེར་ལེན་ཁ་ནས།

     ཀླུ་འབུམ་རྒྱལ།1972ལོར་མདོ་སྨད་རྡོ་སྦིས་ཡུལ་ནས་སྐྱེས་ཤིང་།1996ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ།མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ལ་གཞོལ། སྔ་གཞུག་ཏུ《ནུབ་བྱང་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ》དང《མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ》《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་ལྗོངས་རིག་གནས》《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་ཚགས་པར》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སོགས་བོད་ཀྱི་དུས་དེབ་དང་ཚགས་པར་སྟེང་ལྷུག་རྩོམ་གཙོས་པའི་དཔྱད་རྩོམ་དང་བརྩམས་སྒྲུང་།བསྒྱུར་རྩོམ་བཅས་བརྩམས་ཆོས་བདུན་ཅུ་ལྷག་སྤེལ་མྱོང་། 2009ལོར་ལྷུག་རྩོམ་དེབ《སེམས་ཀྱི་རང་སྒྲ》ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱསཔ་དང་།  2014ལོར་སྒྲིག་རྩོམ་བྱས་པའི《བོད་ཀྱི་ལྷ་མོའི་འཁྲབ་གཞུང་ངོ་སྤྲོད་མདོར་བསྡུས》ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས།གཞན་ཡང《སློབ་རའི་དཔྱད་རྩོམ་ཕྱོགས་བསྒྲིགས》དང《དུས་རབས་གསར་བའི་རིག་གཞུང་དཔྱད་རྩོམ》《སེམས་ཀྱི་བཞུར་རྒྱུན》《བྱང་ཐང་གི་ལོ་མ》《གངས་རྒྱན་མེ་ཏོག་སྤེལ་ནས་ལོ་འཁོར25ལོན་པའི་དཔེ་ཚོགས》(པོད་བརྒྱད)《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》(པོད་བརྒྱད)《དེང་རབས་བོད་ཀྱི་སྙན་ངག་གསར་བའི་ཕྲན་དཔྱད》(པོད་གཉིས)སོགས་རྩོམ་རིག་གི་དཔེ་དེབ་ཉི་ཤུ་ལྷག་གཙོ་སྒྲིག་བྱས་མྱོང་།ད་ལྟ་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་གཙོ་སྒྲིག་པའི་འགན་བཞེས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...