སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཞིབ་འཇུག》ཅེས་པ་པར་དུ་བསྐྲུན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-1 10:08:00 རྩོམ་ཁུངས། ཧི་མ་ལ་ཡའི་བོན། ཀློག་གྲངས།
ནང་དོན་གནད་བསྡུས།
     གཡུང་དྲུང་ལྷ་སྟེང་དགོན་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་ཨན་ཉིང་ཤང་མོ་འབྲུ་གྲོང་ཚོའི་ནང་དུ་ཆགས་ཡོད་ཅིང་། ལོ་རྒྱུས་སྟེང་དེ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མཆོད་གནས་གཙོ་བོ་ཡིན་པར་མ་ཟད། རྒྱལ་རོང་ས་ཁུལ་གྱི་དགོན་སྡེ་ཆེས་ཆེ་བ་དེའང་ཡིན། གཡུང་དྲུང་ལྷ་སྟེང་ནི་དགོན་འདིའི་བོན་ལུགས་ཀྱི་མིང་ཡིན་ཞིང་། དགེ་ལུགས་པར་བསྒྱུར་རྗེས་བསྟན་འཕེལ་གླིང་ཞེས་ཟེར། དེས་ལོ་རྒྱུས་ཀྱི་འཕོ་འགྱུར་གང་མང་ཞིག་བརྒྱུད་མྱོང་བར་མ་ཟད། རྒྱལ་རོང་རིག་གནས་སྤྱིའི་ལོ་རྒྱུས་སུ་གོ་གནས་འགངས་ཆེན་ཟིན་ཡོད་པས་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཞིང་།  འདིར་ལོ་རྒྱུས་མིའི་རིགས་རིག་པ་དང་ལོ་རྒྱུས་ཡིག་ཚང་རིག་པ། མི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་དང་ནང་ཞུགས་ཀྱི་ཐབས་ལམ་བེད་སྤྱད་དེ་རྒྱལ་རོང་སྤྱིའི་རིག་གནས་དང་སྒོས་སུ་རྒྱལ་རོང་ས་ཆའི་ཡུལ་ཁམས་ཀྱི་ཁྱད་ཆོས་དང་། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་ལ་སོགས་པར་རྒྱུས་ལོན་བྱས་ཏེ་བརྗོད་གཞི་གཙོ་བོ་གཡུང་དྲུང་ལྷ་སྟེང་ནས་བསྟན་འཕེལ་གླིང་དང་། བསྟན་འཕེལ་གླིང་ནས་གཡུང་དྲུང་ལྷ་སྟེང་དུ་བསྒྱུར་བའི་དགོན་པའི་བན་བོན་གྱི་གྲུབ་མཐའི་འགྱུར་བ་དང་བསྟུན་ནས་དགོན་པའི་ཆགས་འཇིག་དང་འཕོ་འགྱུར་ལ་དཔྱད་པ་བཏང་བར་མ་ཟད། དགོན་འདི་དང་གོང་མ་ཆན་ལུང་དུས་སྐབས་ཀྱི་མིང་དུ་གྲགས་པའི་ཆུ་ཆེན་དམག་འཁྲུག་དང་འབྲེལ་ནས་དམག་འཁྲུག་དེའི་ཁྲོད་ཀྱི་དགོན་པའི་བྱེད་ནུས་དང་། ཤུགས་རྐྱེན། དགོན་པའི་ད་ལྟའི་གནས་བབ་སོགས་ལ་དཔྱད་པ་བཏང་ཡོད་པ་དང་། དེ་མིན་དགོན་འདི་དང་འབྲེལ་བ་ལྡན་པའི་ཆུ་ཆེན་དམག་འཁྲུག་ཐེངས་གཉིས་པོའི་བྱུང་རྐྱེན་དང་། བརྒྱུད་རིམ། ཤུགས་རྐྱེན། དགོན་དེའི་རྡོ་རིང་དང་འབྲེལ་ནས་རྒྱལ་རོང་ལོ་རྒྱུས་ཀྱི་གནད་དོན་དག་ལ་དཔྱད་པ་ཞིབ་མོ་བཏང་ཡོད་དོ། །
རྩོམ་པ་པོ་ངོ་སྤྲོད།
     ལྕགས་མོ་མཚོ། ཕ་ཡུལ་མདོ་སྨད་རེབ་གོང་ནས་ཡིན་ཞིང་།  ༢༠༡༡ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཤེས་རམས་ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར། ༢༠༡༧ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཁ་ཕྱོགས་ཀྱི་འབུམ་རམས་པའི་མཚན་གནས་བླངས་ཏེ་མཐར་ཕྱིན། ད་ལྟ་པེ་ཅིང་སློབ་ཆེན་སྤྱི་ཚོགས་རིག་པའི་ཚན་ཁག་གི་འབུམ་རམས་པ་ཕྱི་ཚར་གྱི་ལས་ཀ་གཉེར་གྱིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོན་གྱི་རིག་གནས་ལོ་རྒྱུས་དང་ཡིག་རྙིང་། རྒྱལ་རོང་ལོ་རྒྱུས་གཙོ་བྱས་པའི་བོད་ཀྱི་ཡུལ་ཁོངས་ལོ་རྒྱུས་ཀྱི་སྐོར་ཡིན། ༢༠༡༦ལོར《དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག》ཅེས་པའི་ཆེད་དེབ་པར་སྐྲུན་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...