སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《སྐར་རྩིས་ལྔ་སྒྲ་གཟའ་ལྔའི་གྲངས་མཛོད་ཆེན་མོ་རེའུ་མིག་རྒྱ་མཚོ》ངོ་སྤྲོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-16 9:18:00 རྩོམ་ཁུངས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། ཀློག་གྲངས།
 
     《སྐར་རྩིས་ལྔ་སྒྲ་གཟའ་ལྔའི་གྲངས་མཛོད་ཆེན་མོ་རེའུ་མིག་རྒྱ་མཚོ》ཞེས་པར《ཕུག་ལུགས་གྲུབ་རྩིས་ཀྱི་སྐོར》དང《མཚུར་ལུགས་གྲུབ་རྩིས་ཀྱི་སྐོར》།《བྱེད་རྩིས་ཀྱི་སྐོར》།《དགེ་ལྡན་རྩིས་གསར་གྱི་སྐོར》བཅས་འདུས།
     སྤྱིར་སྐར་རྩིས་ལ་རྩིས་ལུགས་མི་འདྲ་བ་མང་པོ་བྱུང་ཡོད་པ་ལས། འདིར་སྐབས་སུ་བབས་པ་ཞིབ་མོར་བརྩིས་ནས་གཏན་ལ་ཕབ་པའི《སྐར་རྩིས་ལྔ་སྒྲ་གཟའ་ལྔའི་གྲངས་མཛོད་ཆེན་མོ་རེའུ་མིག་རྒྱ་མཚོ》ཞེས་པའི་ནང་དུ་གྲགས་ཆེ་བའི་ལུགས་མི་འདྲ་བ་བཞིའི་རྩིས་འབྲས་རྣམས་བཅུག་ཡོད་དེ། ཡོངས་གྲགས་རྒྱུད་ཀྱི་དངོས་བསྟན་བྱེད་རྩིས་ལུགས་དང་། ཕུག་པ་རྒྱ་མཚོ་རྣམ་གསུམ་གྱིས་སྲོལ་བཏོད་པའི་པད་མ་དཀར་པོའི་ཞལ་ལུང་གི་ལུགས་སམ་ཡོངས་གྲགས་ཕུག་ལུགས་གྲུབ་རྩིས་ཀྱི་ལུགས། མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་སྲོལ་ཕྱེ་བའི་མཚུར་ལུགས་གྲུབ་རྩིས་ཀྱི་ལུགས། སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་སྲོལ་ཕྱེ་བའི་དགེ་ལྡན་རྩིས་གསར་གྱི་ལུགས་བཅས་རྩིས་ལུགས་མི་འདྲ་བ་བཞིའི་ཉིན་རེའི་ཚེས་ཞག་ལྔ་བསྡུས་དང་ཉ་སྟོང་གཉིས་ཀྱི་ཉིན་ཞག་གཟའ་ལྔ་སྒྲ་གཅན་དང་བཅས་པའི་རྩིས་འབྲས་རྣམས་རྩིས་མགོ་ཐོག་མའི་མེ་ཁྱི་སྟེ་སྤྱི་ལོ་༨༠༦ནས་མགོ་བརྩམས་ཏེ་བོད་རབ་བྱུང་བཅོ་བརྒྱད་པའི་ཤིང་གླང་སྟེ་སྤྱི་ལོ་༢༡༠༥ཡི་བར་བརྩིས་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བཀོད་འདུག
      སྐར་རྩིས་སྐོར་གྱི་དཔེ་རྙིང་འདི་ཉིད་ནི་དེ་སྔ་ཕོ་བྲང་དང་དགོན་སྡེར་ཉར་ཚགས་བྱས་པའི་དཔེ་དེབ་རྩ་ཆེན་མང་པོ་དང་། དམངས་ཁྲོད་དུ་ཁ་ཐོར་དུ་གནས་པའི་དཔེ་རྒྱུན་དཀོན་རིགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཐོག་མར་དཔེ་སྐྲུན་བྱས་སྟབས། གནམ་རིག་སྐར་རྩིས་ཞིབ་འཇུག་དང་བོད་རིག་པ་ཞིབ་འཇུག་ཐད་རྩ་ཆེའི་ཡིག་ཆ་ཧ་ཅང་དཀོན་པོ་མཁོ་འདོན་གནང་ཡོད་པས་སོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...