སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པོད300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-6 10:29:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།

《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》།
       སྤྱི་ཟླ་9པའི་ཚེས་5ཉིན། 《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པོད་300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འཚོགས།
     ཚོགས་འདུ་དེ་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། སི་ཁྲོན་དཔེ་སྐྲུན་ཚོགས་པས་གཙོ་སྒྲུབ་བྱས་པ་དང་། ཧི་མ་ལ་ཡའི་རིག་མཛོད་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གིས་འགན་སྒྲུབ་བྱས། རྒྱལ་ཡོངས་གེ་སར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་དཔེ་ཚོགས་འདིར་གདེང་འཇོག་གལ་ཆེན་གནང་བ་དང་གླིང་སྒྲུང་སྐོར་གྱི་གཏམ་བཤད་གལ་ཆེན་གནང་།
     ཐེངས་འདིའི་ཚོགས་འདུ་སྟེང་ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། འབུམ་རམས་པ་སྲི་ཐར་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དོན་གྲུབ་དབང་འབུམ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྔོན་མའི་སྤྱི་ཁྱབ་ལས་འཛིན་གཞོན་པ་དང་ཀྲུང་གོ་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་འཇམ་དཔལ་རྒྱ་མཚོ་སོགས་འགོ་ཁྲིད་དང་གེ་སར་ཆེད་མཁས་པ་ལྔ་བཅུ་ལྷག་གདན་ཞུས་བྱས་ཡོད།
     གླིང་སྒྲུང་ནི་བོད་རིགས་མི་དམངས་ཀྱིས་ཐུན་མོང་གིས་བརྩམས་གནང་མཛད་པའི་རླབས་ཆེ་བའི་དཔའ་བོའི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། འདི་ནི་མདོ་དབུས་མཐོ་སྒང་གི་ཁོངས་སུ་འཚོ་ཞིང་གཞེས་པའི་བོད་མི་རིགས་གཙོས་པའི་མི་རིགས་ཁག་གི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱ་བར་མེད་དུ་མི་རུང་བའི་རྒྱུ་ཆ་རྩ་ཆེན་ཞིག་ཡིན། ད་ལྟའི་བར་དུ་བོད་མི་རིགས་ཀྱི་ཁྲོད་དུ་རྒྱུན་འཛིན་དང་དར་ཁྱབ་ཆེན་པོ་བྱུང་སྟེ་སྒྱུ་རྩལ་གྱི་གཟི་མདངས་རྣམ་པར་བཀྲ་བ་དང་འགྲན་དུ་མེད་པའི་གསོན་ཤུགས་བརྟས་ཡོད་པ་མ་ཟད། ད་དུང་སོག་རིགས་དང་ཧོར་རིགས་སོགས་འབྲེལ་ཡོད་མི་རིགས་ཁྲོད་དར་ཁྱབ་ཆེ་ཞིང་། དེ་མིན་རང་རྒྱལ་མཐའ་འཁོར་གྱི་རྒྱལ་ཁབ་དང་ས་གནས་ཆ་ཤས་སུའང་ཁྱབ་གདལ་སོང་སྟེ་འཛམ་གླིང་རང་བཞིན་གྱི་རིག་གནས་ཤིག་ཏུ་གྱུར་ཡོད།
     2009ལོར། གེ་སར་སྒྲུང་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད་ཅིང་། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན། ཏང་དང་རྒྱལ་ཁབ་ཀྱིས་གེ་སར་རིག་གནས་བྱ་གཞག་ལ་ཐུགས་ཁུར་དང་དོ་སྣང་ཆེན་པོ་གནང་སྟེ། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་རྒྱ་ཁྱབ་དུ་བཏང་ཞིང་། མངའ་ཁོངས་ནང་ཁུལ་གྱི་སྔོག་འདོན་དང་སྲུང་སྐྱོབ། ཞིབ་འཇུག་ལ་མཛུབ་སྟོན་དང་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། གླིང་སྒྲུང་ནི་ངོ་མཚར་ཞིང་རླབས་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་རེད་ཅེས་བསྔགས་བརྗོད་གནང་མྱོང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུད་འཛིན་ལ་དོ་སྣང་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་། ཐེངས་འདིའི་གླིང་སྒྲུང་དཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་ལས་ཕུན་སུམ་ཚོགས་པའི་གྲུབ་འབྲས་དེ་དག་གཅིག་བསྡུས་སྒོས་མཚོན་པར་བྱས་པ་དང་། མི་ཆོས་གཞུང་ལུགས་མངའ་ཁོངས་ནས་སླར་ཡང་འཛམ་གླིང་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་མངོན་པར་མ་ཟད། རླབས་ཆེན་མེས་རྒྱལ་ལ་མཚན་སྙན་དང་གཟི་བརྗིད་བསྩལ།
     《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ནི་སི་ཁྲོན་དཔེ་སྐྲུན་ཚོགས་པས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་དཔེ་འཚོལ་དང་བསྡུ་སྒྲིག་ལེགས་པར་གནང་འོག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་དཔེ་སྐྲུན་བྱས་པའི་སྔར་བྱུང་མ་མྱོང་བའི་རིག་གནས་ཀྱི་ལས་གཞི་ཆེན་པོ་ཞིག་ཡིན། འདིའི་ནང་དུ་གནའ་དེང་གི་སྒྲུང་དཔེ་གསར་རྙིང་པོད་329འཚོལ་བསྡུ་དང་ཕྱོགས་བསྒྲིགས་བྱས་ཏེ་གླིང་གེ་སར་ཁོང་གི་སྐུ་ཚེའི་བྱུང་རིམ་ལྟར་བསྒྲིགས་ཤིང་དཔེ་སྐྲུན་བྱས་པ་ཡིན། འདི་ལ་ཁྱོན་བསྡོམས་སྒྲུང་དཔེ་པོད་300དང་། ཡིག་འབྲུ་དུང་ཕྱུར་1.3ཡོད་པས་མིག་སྔར་འཛམ་གླིང་སྟེང་ཆེས་ཆ་ཚང་དང་པོད་གྲངས་མང་བའི《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》གི་བོད་ཡིག་རིག་མཛོད་དུ་བསྐྲུན་ནས་གེ་སར་ལོ་རྒྱུས་སྙན་རྩོམ་གྱི་གཞི་རྒྱ་དང་ཁྱད་ཆོས་མཚོན་པར་བྱས་ཡོད།
     སྒྲུང་དཔེ་འདི་དག་འཚོལ་བསྡུ་དང་ཕྱོགས་བསྒྲིགས་ཀྱི་ལས་ཀ་སྤེལ་ནས་ལོ་ངོ་བཅུ་གྲངས་འདས་ཤིང་། མ་དཔེའི་ཁྲོད་དུ་སྔོན་བྱུང་གི་ལག་བྲིས་སྣ་རིང་དང་གཏེར་སྒྲུང་། ཤིང་དཔར་སྣ་རིང་། གནའ་བོའི་ལྕགས་དཔར་སོགས་ཀྱི་རིགས་ཡོད་པ་མ་ཟད། ད་དུང་སྒྲུང་དཔེ་མང་པོ་ཞིག་གསར་དུ་འཚོལ་རྙེད་བྱུང་སྟེ་ཆེས་ཐོག་མར་མིག་གི་དགའ་སྟོན་དུ་ངོམས་པ་རེད།
     《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་དཔེ་མིང་ཕྱག་བྲིས་མཛད་པ་དང་། གཟན་དཀར་ཐུབ་བསྟན་ཉི་མས་འགོ་བརྗོད་བྲིས་གནང་མཛད་ཡོད། རྩོམ་སྒྲིག་ལྷན་ཚོགས་ཀྱིས་ཆེད་དུ་རྒྱལ་ནང་གི་གེ་སར་ཆེད་མཁས་པ་དག་གདན་དྲངས་ནས་རིགས་དབྱེ་དང་ཞིབ་བཤེར་གཏན་བེབས་བྱས་ཤིང་། སི་ཁྲོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་གེ་སར་གྱི་ཐང་ག་11དང་།  བོད་ཀྱི་ལྷ་རིས་པ་གྲགས་ཅན་ལེགས་སྨོན་ལགས་ཆེད་དུ་མངགས་ནས་བར་བཅུག་ཐང་ག་བྲིས་ཡོད། དཔེ་ཚོགས་ལས་གླིང་སྒྲུང་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཤེས་བྱ་ཀུན་འདུས་ཀྱི་རླབས་ཆེན་བརྩམས་ཆོས་ཞིག་ཡིན་པའི་ཡང་སྙིང་མཚོན་ཡོད་པར་མ་ཟད། འཛམ་གླིང་ཐོག་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་རླབས་ཆེན་རང་བཞིན་གྱི་ཁྱད་ཆོས་མངོན་པ་དང་། ཀྲུང་གོའི་གེ་སར་ཚབ་མཚོན་བྱས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་གྱི་སྲུང་སྐྱོབ་ལས་དོན་དང་རིག་གནས་བྱ་གཞག་གི་རྡོ་རིང་གསར་པ་ཞིག་བཞེངས་པ་རེད།
     རིག་གནས་ཀྱི་འགྲུལ་བཞུད་ལ་རྫོགས་མཐའ་མེད་ཀྱང་། ལོ་རྒྱུས་ཀྱི་བྱུང་བ་རྒྱུན་འཛིན་བྱེད་པ་ལ་དྲན་པ་རྣམས་བརྗེད་ཐོར་འགོད་རྒྱུ་ནི་རྣམ་དཔྱོད་ལྡན་པའི་ལས་ཤིག་ཡིན། དེ་ཡང་སི་ཁྲོན་དཔེ་སྐྲུན་ཚོགས་པས་འཆར་འགོད་དང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་འཚོལ་བསྡུ་དང་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》དཔེ་སྐྲུན་བགྱིས་པ་འདིས་ལོ་རྒྱུས་ཀྱི་ལས་འགན་རླབས་པོ་ཆེ་དེ་ཕྲག་ཏུ་བླངས་པ་མཚོན་ཡོད་ལ། བགྲང་བྱ་བཅུའི་རིང་དཔེ་རྙིང་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པའི་གྲུབ་འབྲས་བཟང་པོ་མངོན་དུ་ཤར་བ་ཡང་ཡིན་ནོ། ། འཐུས་ཚང་ཤིང་གྲ་རྒྱས་པའི་གླིང་སྒྲུང་ཕྱོགས་བསྒྲིགས་ཆེན་མོ་འདི་ལས་ང་ཚོ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་། གེ་སར་རིག་གནས་དམངས་ཁྲོད་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་རྒྱུ་མཚན་རྟོགས་པ་དང་། དེ་ནི་ཀྲུང་གོ་གསར་པའི་གེ་སར་བྱ་གཞག་གི་གྲུབ་འབྲས་གསར་པ་དང་གལ་འགངས་ཆེ་ཤོས་དེ་ཡིན་ཞིང་། རྒྱུད་གཅིག་ལམ་གཅིག་གྲོས་འདོན་གྱི་འདེགས་ཤུགས་གཙོ་བོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཕུལ་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་གོ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...