སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བཀའ་ཤག་མགྲོན་དེབ་མཆན་འགྲེལ་མ》ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-27 15:35:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
     ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་འཛིན་ཟུར་པ་དང་། ཞུས་ཆེན་ལོ་ཙཱ་བ་བསོད་ནམས་རྡོ་རྗེ་ལགས་ཀྱིས་མཆན་འགྲེལ་བཀོད་པའི《བཀའ་ཤག་མགྲོན་དེབ་མཆན་འགྲེལ་མ》(ལྕགས་མོ་ཡོས་ལོ། སྤྱི་ལོ1831)ཞེས་པ་ཉེ་སྔོན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
     དེབ་འདིའི་བརྗོད་བྱ་དང་དཔྱད་གཞིའི་རིན་ཐང་ནི། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་ལགས་ཀྱིས་དེབ་འདིའི་འགོ་བརྗོད་དུ་གསུངས་པ་ཇི་བཞིན་ཏེ། “བཀའ་ཤག་མགྲོན་དེབ་ནི་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྒྲིག་འཛུགས་སུ་གྱུར་པའི་བཀའ་ཤག་མགྲོན་གཉེར་ནས་བཀའ་ཤག་གི་བཀའ་བློན་རྣམ་པའི་ཉིན་རེའི་གནང་སྒོ་རྣམས་ཐོ་འགོད་བྱས་པའི་དེབ་ཡིན། དེབ་འདིའི་ནང་དོན་ཕུན་སུམ་ཚོགས་པ་སྟེ། སྤྱིར་བཏང་གི་བཀའ་བློན་རྣམ་པའི་ཉིན་རེའི་གནང་སྒོ་རྣམས་ལུ་གུ་རྒྱུད་དུ་ཐོ་འགོད་གནང་ཡོད་པར་མ་ཟད། དུས་ཆེན་དང་དུས་བཟང་ཚེས་བཟང་གི་སྐབས་སུ་ཕན་ཚུན་མགྲོན་འབོད་གནང་བའི་གོ་རིམ་དང་། སྣེ་ལེན་གཟབ་རྒྱས་གནང་བའི་སྲོལ་ལུགས་སོགས་ཀྱང་ཞིབ་བུར་བཀོད་ཡོད་ལ། གཉེར་པ། ལས་སྣེ། གྲྭ་དམངས་སོགས་ཀྱི་གནས་ཚུལ་ཡང་ཟུར་བརྒྱན་གྱི་ཚུལ་གྱིས་བཀོད་ཡོད་པ་རེད། མགྲོན་དེབ་འདིའི་ནང་དུ་སྐབས་དེའི་བོད་ས་གནས་སྲིད་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། བཀའ་བློན་དབར་གྱི་འབྲེལ་བ་སོགས་ལ་རྒྱུས་ལོན་བྱེད་པར་དཔྱད་གཞི་འདོན་སྤྲོད་བྱས་ཡོད་ཅིང་། དེ་བས་ཀྱང་བོད་ཀྱི་གནའ་བོའི་མཐོ་རིམ་སྐུ་དྲག་གི་འཚོ་བའི་གནས་ཚུལ་གསལ་པོར་བསྟན་ཡོད། ཡིག་རྙིང་འདིའི་རིན་ཐང་གཞན་ཞིག་ནི་དེབ་ནང་དུ་ཟིན་ཐོར་བཀོད་པའི་ནང་དོན་ལས་བོད་ཀྱི་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་དང་། ཆོས་ལུགས་བྱེད་སྒོའི་རིག་གནས། དེ་མིན་མཛེས་དཔྱོད་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ་སོགས་བོད་ཀྱི་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་བཅས་ལ་ཡང་དཔྱད་གཞིའི་རྒྱུ་ཆ་གྱ་ནོམ་པ་ཞིག་མཁོ་འདོན་གནང་ཡོད། དེར་བརྟེན།  དེབ་འདིའི་ལོ་རྒྱུས་རྒྱུ་ཆའི་རིན་ཐང་དང་། དམངས་སྲོལ་རིག་གནས་ཀྱི་རྒྱུ་ཆའི་རིན་ཐང་། ཆབ་སྲིད་རིག་གནས་ཀྱི་རྒྱུ་ཆའི་རིན་ཐང་སོགས་ནི་འགངས་ཤིན་ཏུ་ཆེ་བར་མཐོང་སྟེ། འདི་ལ་ཞིབ་འཇུག་གང་ལེགས་གནང་ཐུབ་ན་འདས་ཟིན་པའི་ལོ་རྒྱུས་ཀྱི་གནས་ཚུལ་མང་པོར་ཞིབ་འཇུག་གནང་བར་རྒྱུ་ཆ་གང་མང་ཁ་གསབ་བྱེད་ཐུབ་ངེས།”
     《བཀའ་ཤག་མགྲོན་དེབ》ཀྱི་མ་ཕྱིའི་ནང་སྐུང་ཡིག་ཤིན་ཏུ་མང་པོ་ཡོད་པ་དང་། མི་སྣ་དང་ས་ཆ་སོགས་ཀྱི་མིང་བསྡུས་འབྲི་བྱས་པ་མང་བ། ཡི་གེའི་དག་ཆའི་ཐད་འབྲི་སྟངས་མི་འདྲ་བ་སྣ་ཚོགས་སུ་བྲིས་པ། སྐབས་དེའི་སྲིད་ཀྱི་ལམ་སྲོལ་དང་སྒྲིག་གཞི། ཆོས་སྲིད་གཉིས་ཀྱི་ལས་སྒོ་སྣ་ཚོགས། ཆོས་ལུགས་ཀྱི་དུས་ཆེན་དང་དམངས་སྲོལ་སོགས་མང་པོ་བཀོད་ཡོད་པ་རྣམས་ཀློག་མཁན་གྱིས་གོ་བ་གསལ་པོ་ལེན་ཁག་པར་གཞིགས་ཏེ། རྒན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཐོག་མར་མ་ཕྱིའི་ནང་གི་སྐུང་ཡིག་ཀློག་དཀའ་བ་ཁག་ཅིག་ལེགས་པར་བཀྲལ་བ་དང་འབྲེལ། དེབ་ཡོངས་སུ་མཆན་བཞི་བརྒྱར་ཉེ་བ་བཏབ་སྟེ་ཀློག་སྟབས་བདེ་པོ་བཟོས་ཡོད།
     དེ་ཡང་མཆན་རྣམས་ལས་ཁག་ཅིག་ནི་རྒན་བསོད་ནམས་རྡོ་རྗེ་ཁོང་རང་ཉིད་ཀྱིས་བཏབ་པ་དང་། ཁག་ཅིག་ནི་ཁོང་གིས་འབྲེལ་ཡོད་མི་སྣའི་གསུང་དངོས་སུ་གསན་པ་ཇི་བཞིན་བཀོད་པ་དང་། ཁག་ཅིག་ནི《ཆིང་རྒྱལ་རབས་ཀྱི་བོད་སྐྱོང་ཁྲིམས་སྲོལ་ཞིབ་འཇུག》《བོད་ཀྱི་སྐུ་དྲག་ཁྱིམ་རྒྱུད》《བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་རགས་བསྡུས》སོགས་རྒྱ་ཡིག་གི་དཔྱད་གཞིའི་ཡིག་རིགས་སུ་འཁོད་པ་ཁོང་གིས་བོད་ཡིག་ཏུ་བསྒྱུར་ཏེ་བཀོད་པ་དང་། ཡང་ཁག་ཅིག་ནི《བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས》《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》《བོད་རྒྱ་ཚིག་མཛོད་ཆེན་མོ》《དུང་དཀར་ཚིག་མཛོད་ཆེན་མོ》《དགེ་བཤེས་ཆོས་གྲགས་ཀྱིས་མཛད་པའི་བརྡ་དག་མིང་ཚིག་གསལ་བ་》སོགས་བོད་ཡིག་གི་དཔྱད་གཞིའི་ཡིག་རིགས་དང་མིང་མཛོད་ཚད་ལྡན་དག་ལས་དྲངས་ཏེ་བཀོད་ཡོད་དོ།།

མཆན་འདེབས་མཁན་བསོད་ནམས་རྡོ་རྗེ་ལགས་ཀྱི་མཚམས་སྦྱོར་མདོར་བསྡུས།
     བསོད་ནམས་རྡོ་རྗེ། བོད་རིགས། རྩོམ་ཞུས་པ་རིམ་པ་གཉིས་པ། སྲིད་གཞུང་གི་དམིགས་བསལ་རོགས་སྣོན་ཐོབ་པའི་མཁས་དབང་། ལོ་ཙཱ་བ་བསླབ་པ་རྒན་གྲས་བཅས་ཡིན། 1946ལོར་ལྷ་སར་འཁྲུངས་པ་དང་། 1963ལོའི་ཟླ6པར་བོད་ལྗོངས་ལྷ་ས་སློབ་འབྲིང་ཐོན་ནས་ཕྱག་ལས་ལ་ཞུགས་རྗེས། བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ལྷན་དོན་གཅོད་ཐིང་དུ་ཡིག་སྒྱུར་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་མི་རིགས་པུའུ་རུ་ཀྲུའུ་རེན་གཞོན་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་གི་ཡིག་སྒྱུར་ཁང་དུ་ཀྲུའུ་རེན་དང་བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་དུ་ཅུད་ཀྲང་གཞོན་པ་གཅིག་ལྕོགས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དུ་སོའོ་ཀྲང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་ཧྲེ་ཀྲང་བཅས་ཀྱི་ཐུགས་འགན་བཞེས། སྔ་དུས་སུ་ཏང་ཨུད་དང་སྲིད་གཞུང་གི་ཡིག་ཆ་དང་། དབུ་ཁྲིད་ཀྱི་གསུང་བཤད། གསར་འགྱུར་ཡིག་རིགས་སྒྱུར་ཞུས་ཀྱི་ཕྱག་ལས་གནང་། དུས་རབས20པའི་ལོ་རབས90པའི་མཇུག་ནས་རིག་ལམ་གསུང་རྩོམ་གྱི་ཡིག་སྒྱུར་དང་། རྩོམ་ཞུས། དཔེ་སྐྲུན་སོགས་ཀྱི་ཕྱག་ལས་གནང་། 1994ལོར་བོད་ཡིག་མཁས་པའི་མཚན་ཐོག་ནས་སུའེ་ཙེར་རེ་ནེ་ཝར་བོད་ཡིག་རྒྱལ་སྤྱིའི་ཨང་སྒྲིག་བཟོ་རྒྱུའི་གྲོས་ཚོགས་སུ་ཞུགས། བསྒྱུར་རྩོམ་དང་རྩོམ་ཞུས་གནང་འབྲས་གཙོ་བོའི་གྲས་སུ《ནུབ་བསྐྱོད་ཟིན་ཐོ》《ཞེ་སའི་ཚིག་མཛོད་རབ་གསལ་མེ་ལོང》《འཛམ་གླིང་བྱིས་སྒྲུང་གྲགས་ཅན》(དེབ་དང་པོ་ནས་བཞི་པའི་བར།) 《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཁྲི་གསོལ་ཞུས་ནས་ལོ་བཅུ་འཁོར་བ》ཞེས་པའི་བརྙན་དེབ། 《ང་ཕོད་ངག་དབང་འཇིགས་མེད》ཅེས་པའི་བརྙན་དེབ། 《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས།—ཤེས་བྱའི་ལྟ་དེབ》《ཆོས་ལུགས་རིག་པའི་མདོ་དོན》སོགས་ཡོད་པར་མ་ཟད། བོད་རིག་པའི་ཆེད་རྩོམ་ཡིག་འབྲུ་ས་ཡ་དུ་མའི་ཡིག་སྒྱུར་དང་འགྱུར་ཞུས་ཀྱི་ཕྱག་ལས་གནང་། ཁོང་གིས་ཡིག་སྒྱུར་དང་། ཞིབ་བཤེར་མཐའ་དཔྱོད། དཔེ་སྐྲུན་བཅས་གནང་བའི་དེབ་དང་དཔྱད་རྩོམ་ལ་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་བྱ་དགའ་དང་པོ་སོགས་སྣ་ཚོགས་ཐོབ་མྱོང་ཡོད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...