སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་རིག་གནས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པ་པར་དུ་བསྐྲུན་པ།
རྩོམ་པ་པོ། བཀྲ་འཇམ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-30 11:31:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

ཞིབ་འཇུག་པ་རིན་ཆེན་སྒྲོལ་མའི《བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་རིག་གནས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
     ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་རིན་ཆེན་སྒྲོལ་མས་བརྩམས་པའི《བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་རིག་གནས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པ་ད་ལོའི་ལོ་སྟོད་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། དཔྱད་རྩོམ་ཕྱོགས་བསྒྲིགས་འདིར་རྩོམ་པ་པོས་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་བྲིས་པའི་རིག་གཞུང་དཔྱད་རྩོམ་ཁག་ཅིག་སྟེ། བོད་ཡིག་བསྟན་བཅོས་ཀྱི་དཀར་ཆག་གི་བྱུང་འཕེལ་དང་སྒྲིག་ལུགས་ཀྱི་སྐོར་དང་། མདོ་སྨད་ས་ཆའི་ནང་སོའི་བྱུང་བ་དང་འབྲེལ་ཡོད་གནད་དོན་གྱི་སྐོར། རེབ་གོང་གི་རོང་བོ་ནང་སོའི་ལོ་རྒྱུས་ཀྱི་སྐོར། རེབ་གོང་ས་ཁུལ་གྱི་ཡུལ་ཁྲིམས་དང་གཉེན་སྲོལ་གྱི་སྐོར། ལ་མོ་ཞབས་དྲུང་དཀར་པོའམ་ཆ་གན་ནོ་མོན་ཁང་གི་སྐོར་སོགས་ལ་ཞིབ་འཇུག་གནང་བའི་དཔྱད་རྩོམ་10དང་། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་དབུས་བོད་སོག་གི་འགོ་པ་རྣམས་ཀྱིས་ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་རིམ་བྱོན་ལ་གནང་བའི་བཀའ་གཏན་ཁག་གི་གསེད་བཀྲོལ་བཅས་བཀོད་ཡོད།
     དེ་དག་ལས《རྒྱལ་དབང་སྐུ་ཕྲེང་བསྒྲིགས་རིམ་ཐད་ཀྱི་ཆིང་གོང་མའི་ལྟ་བའི་འགྱུར་བར་དཔྱད་པ》ཞེས་པའི་དཔྱད་རྩོམ་ལ་༢༠༡༨ལོར་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི་དཔྱད་འདེམས་ཁྲོད་བོད་ཡིག་དཔྱད་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། དཔྱད་རྩོམ་གཞན་དག་ལས་མང་ཤས་ཤིག་དཔྱད་རྩོམ་བདམས་བསྒྲིགས་ཀྱི་དེབ་སོགས་སུ་བདམས་ཏེ་བཀོད་ཡོད།
     རིན་ཆེན་སྒྲོལ་མ་ལགས་ནི་ལོ་ངོ་མང་པོའི་རིང་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ཏུ་བོད་ཀྱི་ལོ་རྒྱུས་དང་བོད་ཡིག་ཡིག་ཚགས་ལ་དེང་གི་རིག་གཞུང་ཞིབ་འཇུག་གི་འགྲོ་ལུགས་དང་མཐུན་པར་ཉམས་ཞིབ་གནང་མཁན་ཞིག་ཡིན་པ་དང་། དེང་དུས་ཀྱི་བོད་རིགས་སྐྱེས་མའི་ཁྲོད་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པའི་མཛངས་མ་ཞིག་ཡིན་ལ། ཞིབ་འཇུག་བྱེད་ཚུལ་གྱི་ཆ་ནས་ཀྱང་མ་ཤེས་ཤེས་མདོག་དང་གཡོ་ཟོལ་ཚུལ་འཆོས་དང་བྲལ་བར་རྒྱབ་རྟེན་གྱི་ལུང་ཚད་ཐུབ་དང་རིགས་པ་ཡང་དག་ལ་བརྟེན་ནས་བདེན་པ་བདེན་དྲང་གཉེར་བར་བརྩོན་པའི་ཉམས་ཞིབ་པ་ཞིག་གོ། ཁོ་མོ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་། དམངས་སྲོལ་ཞིབ་འཇུག ཡིག་ཚགས་ལོ་ཙཱ་དང་དག་སྒྲིག་སོགས་ལས་སྒོ་དུ་མར་མཁྱེན་དཔྱོད་ཡངས་ཤིང་། ཁྱད་པར་དུ་མདོ་སྨད་ཀྱི་ནང་སོ་དང་ལ་མོ་ཞབས་དྲུང་དཀར་པོའི་སྐོར་གྱི་བོད་རྒྱའི་ལོ་རྒྱུས་དེབ་ཐེར་དང་ཡིག་ཚགས་འདྲ་མིན་མང་པོར་ཞིབ་འཇུག་དང་། དེར་འབྲེལ་དཔྱད་གཞི་ཡིག་རིགས་འབོར་ཆེན་བཀླགས་ཏེ་གདེང་ཚོད་ལེགས་པར་བརྙེས་པའི་རྨང་གཞིའི་ཐོག དཔྱད་གཞིའི་གནད་དོན་ཁག་ལ་སླ་བཅོས་ཁྲལ་སེལ་ཙམ་མ་ཡིན་པའི་སྒོ་ནས་དབྱེ་ཞིབ་དང་དཔྱད་བསྡུར་གནད་དུ་འཁེལ་བ་མཛད་ཡོད།
     ཁོ་མོས《མདོ་སྨད་རེབ་གོང་རོང་བོ་ནང་སོ་དང་དེར་འབྲེལ་ཡོད་ཀྱི་ལོ་རྒྱུས་སྐོར་ལ་གསར་དུ་དཔྱད་པ》ཞེས་པའི་ནང་རོང་བོ་ནང་སོའི་བྱུང་རབས་དང་། མངའ་ཐང་དར་རྒུད། གནས་བབ་སོགས་ལ་གསར་དུ་དཔྱད་པ་བརྒྱུད། རོང་བོ་ནང་སོ་ན་རིམ་གྱིས་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་དང་ཆོས་སྲིད་ལུགས་གཉིས་ཐད་ནས་རེབ་གོང་སྤྱི་ལ་མངའ་མཛད་ཚུལ་སྐོར་ལ་ཞིབ་འཇུག་གནང་ཡོད་པ་དང་། དེ་ལས་འཕྲོས་ཏེ《ལོ་རྒྱུས་དང་འབྲེལ་ནས་མདོ་སྨད་ནང་སོའི་སྐོར་རགས་ཙམ་གླེང་བ》ཞེས་པ་དང་། གཞན་ཡང་རྒྱ་ཡིག་གི་ལམ་ནས་བྲིས་པའི《བོད་ཀྱི་སྲོལ་རྒྱུན་གྱི་དཔོན་གནས་ནང་སོའི་ལོ་རྒྱུས་འཕེལ་འགྱུར》(དེ་ཉིད་དེབ་འདིའི་ནང་བཀོད་མེད)ཞེས་པ་སོགས་ཀྱིས་མཚོན་པའི་དཔྱད་རྩོམ་དེ་དག་ནི། ཁོ་མོས་མི་ལོ་བཅུ་ཕྲག་དུ་མའི་རིང་བསམ་གཞིག་དང་དཔྱད་བསྡུར་གནང་བའི་ནང་སོའི་སྐོར་གྱི་གྲུབ་འབྲས་གལ་ཆེན་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་རིགས་ཁྲོད་དེ་སྔ་དོ་སྣང་དང་དཔྱད་བརྗོད་ཀྱི་མཛད་པ་ཤིན་ཏུ་ཕྲ་བའི་ནང་སོའི་སྐོར་གྱི་ཞིབ་འཇུག་ཀྱང་ཡིན་ནོ། །རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་དེ་དག་གིས་བོད་སྤྱིའི་ལོ་རྒྱུས་སྟེང་གི་ནང་སོའི་བྱུང་བ་དང་འཕེལ་རིམ། ས་གནས་སོ་སོའི་ནང་སོའི་བྱུང་རབས་དང་གོ་ཐོབ། སྲིད་དབང་། འཕེལ་འགྱུར་སོགས་ལ་ཅུང་ཆ་ཚང་ཞིང་གཏིང་ཟབ་པའི་དབྱེ་ཞིབ་དང་ཁུངས་འཚོལ་ར་སྤྲོད་གནང་ཡོད་པས་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པའི་གྲུབ་འབྲས་གསར་པར་བསྔག་འོས་སོ། །
     སྒོས་སུ་ལོ་ངོ་འདི་དག་གི་རིང་ཁོ་མོས་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་གསལ་འགྲེལ་དང་ཁུངས་འཚོལ་ར་སྤྲོད་ཟུང་དུ་སྦྲེལ་ནས། ད་ལྟའི་བར་ཕྱིར་མ་འཁྱར་བའི་རིག་དངོས་ཏེ་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བའི་ལ་མོ་ཞབས་དྲུང་དཀར་པོ་དང་འབྲེལ་ཡོད་བཀའ་གཏན་ཉི་ཤུ་ཙམ་ལ་གསེད་བཀྲོལ་དང་དབྱེ་ཞིབ་གནང་ཞིང་། ཆིང་རྒྱལ་རབས་སྐབས་སུ་རྒྱལ་བ་པཎ་ཆེན་དང་། ལ་མོ་ཞབས་དྲུང་དཀར་པོ། སོག་པོའི་དཔོན་རིགས་མི་སྣ་སོགས་དང་འབྲེལ་བ་ཡོད་པའི་བཀའ་གཏན་ཁག་ཅིག་ཡིག་སྒྱུར་དང་ཁུངས་འཚོལ་ར་སྤྲོད་གནང་བའི་ཞིབ་འཇུག་གི་བྱ་བ་དེ་ནི། ལ་མོ་ཞབས་དྲུང་དཀར་པོ་དང་དགའ་ལྡན་ཕོ་བྲང་བར་གྱི་འབྲེལ་བ་དང་། མཚོ་སྔོན་དང་ལྷ་སའི་ཕྱོགས་ཀྱི་བོད་སོག་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ནོ།།
     རིན་ཆེན་སྒྲོལ་མ་ལགས་ཀྱིས་བཀའ་གཏན་དེ་དག་ལ་གསེད་བཀྲོལ་དང་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད། ལོ་རྒྱུས་མི་སྣ་འདྲ་མིན་དང་ཆོས་ལུགས་དང་ལོ་རྒྱུས་ཡིག་ཚགས་སོགས་ཀྱི་མིང་བརྡ་ཁག་པོ་ཧ་ཅང་མང་པོར་ཕྲད་ཀྱང་། ཁོ་མོས་དཀའ་གནད་མཐའ་དག་ཁྱད་དུ་བསད་དེ་ཕྱི་བཤོལ་དང་སུན་སྣང་མེད་པར་མུ་མཐུད་ནས་དཀའ་སྤྱད་བརྩོན་ཞིབ་དང་། ཁེངས་སྐྱུང་ངང་གཞན་ལ་བཀའ་འདྲི་དང་འབྲེལ་རང་ཉིད་ཀྱིས་དབྱེ་ཞིབ་གཟབ་ནན་མཛད་པ་བརྒྱུད། བཀའ་ཤོག་ཁྲོད་ཀྱི་འབྲེལ་ཡོད་མི་སྣ་དང་ལོ་རྒྱུས་དོན་རྐྱེན་སོགས་མ་འཛོལ་མ་འཁྲུལ་བར་གསེད་བཀྲོལ་གནང་སྟེ་གྲུབ་འབྲས་དགའ་འོས་པ་བླངས་ཡོད་ལ། འབྲེལ་ཡོད་ཆེད་མཁས་པས་ཀྱང་ཁོ་མོའི་ཞིབ་འཇུག་གི་འབྲས་བུར་གདེང་འཇོག་ཡག་པོ་གནང་དང་གནང་གིན་ཡོད་དོ།།

རིན་ཆེན་སྒྲོལ་མ།
     སྐྱེས་ཡུལ་མདོ་སྨད་རེབ་གོང་རྒྱལ་བོ་ཡིན། སྔ་ཕྱིར་གྲོང་ཚོའི་སློབ་ཆུང་དང་། རེབ་གོང་ཐུན་རིན་རྫོང་མི་རིགས་སློབ་འབྲིང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་སུ་སློབ་གཉེར་གནང་།  1988ལོ་ནས་ད་ལྟའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཡིག་ཚགས་ཁང་དང་། དཔེ་མཛོད་ཁང་། དངོས་མང་བཤམས་མཛོད་ཁང་ཞིབ་འཇུག་ཚན་ཁག་བཅས་སུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ལོ་ཙཱ་དང་། བོད་ཀྱི་བསྟན་བཅོས་ལྡེབ་རིང་སོགས་ལེགས་སྒྲིག་དང་། དཀར་ཆག་འགོད་པ། ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་། སྤྱི་ལོ2005-2006བར་ཨ་རིའི་ཧྭ་ཝོར་སྒྲི་སློབ་གྲྭ་ཆེན་མོའི་སཾསྐྲྀཏའི་སྐད་དང་ཧིན་རྡུའི་སྐད་ཞིབ་འཇུག་སྡེ་ཚན་དུ་དབྱིན་སྐད་དང་བོད་རིག་པའི་ཞིབ་འཇུག་ཐབས་ལམ་སྐོར་ལ་སློབ་གཉེར་གནང་།
     ཞིབ་འཇུག་གི་ཁྱབ་ཁོངས་ནི་བོད་ཀྱི་ལོ་རྒྱུས་དང་ཡིག་ཚགས། དམངས་སྲོལ་བཅས་ཡིན་ལ། ད་ལྟའི་བར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས《བོད་ཀྱི་སྲོལ་རྒྱུན་དཔོན་རིགས་ནང་སོའི་ལོ་རྒྱུས་འཕེལ་འགྱུར་གླེང་བ》སོགས་དཔྱད་རྩོམ་༢༠ལྷག《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》སོགས་དུས་དེབ་ཏུ་བཀོད་ཅིང་། 《ཡོན་རྒྱལ་རབས་ཚུན་བོད་ས་གནས་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས》རྒྱ་འགྱུར་མ་པོད་བདུན་ཅན་གྱི་ཡིག་སྒྱུར་ལ་ཞུགས་པ་དང་། 《དབལ་མང་སྐུ་ཕྲེང་བཞི་པའི་སྐོར་རགས་ཙམ་གླེང་བ》སོགས་དབྱིན་རྒྱ་བོད་གསུམ་གྱི་དཔྱད་རྩོམ་༢༠ལྷག་ཙམ་ལོ་ཙཱ་བྱས་མྱོང་། གཞན་ཡང 《ཆིང་རྒྱལ་རབས་སྲིད་གཞུང་དང་རྒྱལ་བ་པཎ་ཆེན་རྣམ་གཉིས། བོད་སོག་འགོ་པ་བཅས་ཀྱིས་ཆ་གན་ནོ་མོན་ཁང་ལ་གནང་བའི་བཀའ་གཏན་ལེགས་སྒྲིག་ཡིག་སྒྱུར་དང་ཞིབ་འཇུག》ཅེས་པ་དང་། 《ཡོན་རྒྱལ་རབས་སྐབས་ཀྱི་ཞ་ལུ་དགོན་པའི་སྒྱུ་རྩལ་དང་རྒྱ་བོད་རིག་གནས་བརྗེ་རེས་ཐད་ཀྱི་ཞིབ་འཇུག》ཅེས་པ་སོགས་རྒྱབ་ཁབ་རིམ་པའི་ལས་གཞི་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་གནད་ལས་གཞི་ཁག་གཙོ་སྐྱོང་དང་མཉམ་འབྲེལ་ངང་བསྒྲུབས་དང་སྒྲུབ་བཞིན་ཡོད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...