སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས》(གཉན་པོ་གཡུ་རྩེའི་གནས་ཡིག)།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-16 9:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས》(གཉན་པོ་གཡུ་རྩེའི་གནས་ཡིག)ནི་སྤྱི་ཁྱབ་གཙོ་སྒྲིག་པ་བློ་བཟང་ལྷུན་གྲུབ་རྡོ་རྗེའི་སྣེ་ཁྲིད་འོག  གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་སྒྲིག་རྩོམ་བྱས་པ་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
     མཐོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་ཞེས་པའི་དཔེ་དེབ་འདི་ནི། ཏང་ཀྲུང་དབྱང་གིས་མཚོ་བོད་མཐོ་སྒང་ནི་རང་རེའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བའི་འགོག་ར་དང་། ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ས་ཁུལ་ཡིན་ཞེས་པའི་ཐབས་ཇུས་སྲིད་ཇུས་དགོངས་དོན་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་སྐྱེ་ཁམས་རིག་གནས་འཕེལ་རྒྱས་སུ་བཏང་ནས། ཀྲུང་གོའི་མཛེས་ཉམས་འཛམ་གླིང་དུ་གཟིགས་མོར་འགྲེམ་དགོས་པའི་དགོངས་དོན་བཅས་ལག་ལེན་དུ་བསྟར་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་སྟུན་པ། རང་བྱུང་ཁམས་སྲུང་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་སྐོར་གྱི་ཚན་རིག་དང་མཐུན་པའི་ཀྲུང་དབྱང་གི་དགོངས་དོན་བརྩི་སྲུང་དང་དེར་ཞབས་འདེགས་ཞུ་ཆེད་དོན་དུ་གཉེར་བ་ཞིག་ཡིན།
     ནང་དོན་ཐད་སྐྱེ་དངོས་རིགས་དང་སྲོག་ཆགས་ཀྱི་རིགས་རྣམས་ཚན་རིག་ལྟར་ངོས་འཛིན་དང་དབྱེ་བ་བཀར་ཏེ་བོད་རྒྱ་ལ་གསུམ་གྱི་ཐ་སྙད་སྦྱར་ཡོད་ལ། རྒྱ་སྐད་ཀྱི་མིང་དང་ལ་ཏེན་གྱི་མིང་རྣམས་ཀྱང་འོལ་ཚོད་ཀྱི་བཏགས་པ་ཙམ་མ་ཡིན་པར་པེ་ཅིང་སློབ་ཆེན་དང་སི་ཁྲོན་ནགས་ལས་ཁང་སོགས་ཀྱི་ཆེད་མཁས་པ་དུ་མས་ངོས་འཛིན་དང་ཞུ་དག་བྱས་ཏེ་གཏན་ལ་ཕབ་པ་ཤ་སྟག་ཡིན་ལ། བར་བཅུག་གི་ས་བཀྲ་རྣམས་ཀྱང་ཡུལ་དངོས་ཀྱི་ཚད་ལེན་དང་ཆེད་ལས་ལག་རྩལ་སྤྱད་དེ་བཟོས་པ་ཤ་སྟག་རེད་འདུག
     དེབ་འདིས་རི་མཚོ་ཞིབ་འབྲི་བྱས་པ་ཙམ་མིན་པར་འདིའི་ནང་དུ་རིག་གནས་ཀྱི་སྣང་ཚུལ་དང་། ལོ་རྒྱུས་ངག་རྒྱུན། ཁུངས་འཚོལ་ར་སྤྲོད་བཅས་བྱས་ཡོད་པར་མ་ཟད།  རང་བྱུང་དང་། སྤྱི་ཚོགས། རིག་གནས། དཔལ་འབྱོར་ཚང་མ་མགྱོགས་མྱུར་གྱིས་འགྱུར་ལྡོག་འགྲོ་བཞིན་པའི་དེང་གི་དུས་འདིར། འདི་འདྲའི་དཔེ་དེབ་ཅིག་ཡོད་པས་ད་ལྟ་ཙམ་མིན་པར་མ་འོངས་པར་ཡང་ཉར་ཚགས་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པར་སེམས་ནས་འདིར་མཚམས་སྦྱོར་ཞུ་བ་ལགས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...