སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྒྲུང་རིང་དེབ་གསར《མར་མེ་ཚེ་འབར》པར་དུ་བསྐྲུན་པ།
རྩོམ་པ་པོ། ལྷ་ཚེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-21 10:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་པའི《མར་མེ་ཚེ་འབར》ཞེས་པའི་དེབ་གསར་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ཟླ8པའི་ནང་པར་བསྐྲུན་འགྲེམ་སྤེལ་གནང་། 
     《མར་མེ་ཚེ་འབར》ཞེས་པའི་བརྩམས་ཆོས་འདི་ནི་རྩོམ་པ་པོས་ཉེ་བའི་ལོ་འགའི་ནང་བརྩམས་པའི་སྒྲུང་རིང་ཐོག་མ་ཡིན། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ་གངས་ལྷ་མེ་ཏོག་གི་ཕ་ལོ་འཇིགས་མེད་རབ་བརྟན་ནི་བཅིངས་འགྲོལ་སྔོན་ལ་ཞིང་ཆེན་སོག་བོད་སློབ་གྲྭར་སློབ་གཉེར་བྱས་མྱོང་བའི་ཤེས་ལྡན་མི་སྣ་ཞིག་ཡིན་ལ། བཅིངས་འགྲོལ་གྱི་ཐོག་མའི་དུས་སྐབས་སུ་ཕ་མར་སྙུང་ནད་ཕོག་སྟེ་ཚེ་ལས་འདས་རྗེས། ཁོ་གསར་བརྗེ་རུ་ཞུགས་ཏེ་རྨ་གཞུང་རྫོང་རིག་གནས་འཕྲོད་བསྟེན་ཁའོ་རུ་ཕྱག་ལས་གནང་། འཇིགས་མེད་རབ་བརྟན་གྲོང་གསེབ་ཏུ་འགྲོ་བའི་སྐབས་སུ་ཤར་ལུང་ཚོ་དྲུག་ས་ཁུལ་གྱི་མིང་ལ་ཨོ་རྒྱན་རྡོ་རྗེ་ཟེར་བའི་ལོ་ལོན་རྒན་པོ་དེའི་བུ་མོ་གཅིག་པུ་ཆོས་འཛིན་སྒྲོལ་མ་ངོ་ཤེས་ཏེ་ཁོ་གཉིས་ལ་བརྩེ་བ་ཆགས་ནས་གཉེན་བསྒྲིགས། གསར་བརྗེའི་སྐབས་སུ། རྐྱེན་ག་གེ་མོའི་དབང་གིས་ཨོ་རྒྱན་རྡོ་རྗེ་གནས་གཞན་དུ་ངལ་རྩོལ་བཅོས་སྒྱུར་བྱེད་དུ་མངགས་ཤིང་། མཐའ་མར་གནས་དེར་ཚེ་ལས་འདས། འཇིགས་མེད་རབ་བརྟན་གྱི་ཆུང་མ་ཆོས་འཛིན་སྒྲོལ་མ་དེར་བརྟེན་ནས་ནད་ཕོག་པ་དང་མལ་ས་ལས་ལང་རྒྱུ་མེད་པར་གྱུར་ལ། བུ་མོ་གངས་ལྷ་མེ་ཏོག་དང་ཁྱོ་ག་བསྐྱུར་ནས་ཕའི་རྗེས་སྙེག་ནས་བཞུད་སོང་། སྐབས་དེར། འཇིགས་མེད་རབ་བརྟན་གྱིས་སློབ་གྲྭ་བཙུགས་ནས་ཡིག་རྨོངས་སེལ་བའི་བྱ་བ་བསྒྲུབ་པ་དང་ལྷན་དུ་ལོ་ན་ཆུང་བའི་བུ་མོ་ལ་བདག་སྐྱོང་བྱེད་དགོས། ལུས་སེམས་ངལ་དུབ་ཀྱི་དབང་གིས་འཚོ་བ་སྐྱེལ་རྒྱུ་ཇེ་དཀའ་ནས་ཇེ་དཀའ་རུ་ཕྱིན།
     ལོ་བཅུ་ཁའི་རྗེས་སུ། བུ་མོ་གངས་ལྷ་མེ་ཏོག་ནི་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཞིང་། ཨ་ཕའི་རེ་བ་ལྟར་ཤར་ལུང་ཚོ་དྲུག་ཏུ་སླེབས་ཏེ་ས་གནས་དེའི་སློབ་ཆུང་ཞིག་ཏུ་སློབ་གཙོ་དང་དགེ་རྒན་གྱི་ལས་གཅིག་ལྕོགས་སུ་འཁུར་ལ། དམངས་སྒྲུབ་དགེ་རྒན་སྐོར་ཞིག་གི་སྣེ་ཁྲིད་དེ་སློབ་གསོའི་ལས་ལ་གཞོལ། དམངས་སྒྲུབ་དགེ་རྒན་འདི་དག་གི་ཁྲོད། ཆེས་ཕུལ་དུ་བྱུང་བ་ནི་མོ་ཆུང་དུས་ཀྱི་ན་མཉམ་བརྩོན་འགྲོས་རྒྱ་མཚོ་ཡིན་ཏེ། ཁོ་ཆུང་དུས་ནས་བཟུང་སློབ་སྦྱོང་བྱེད་པར་དགའ་བ་ཡིན། སྐབས་འདིར་ཁོས་ཀྱང་ཕྱོགས་གཅིག་ནས་སློབ་གཙོ་ལ་རོགས་རམ་གྱིས་སློབ་གསོ་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་ངལ་གསོའི་དུས་ཚོད་བེད་སྤྱད་དེ་གངས་ལྷ་མེ་ཏོག་དང་རྒྱ་ཡིག་དགེ་རྒན་གཞན་དག་གི་སར་བོད་ཡིག་དང་རྒྱ་ཡིག རྩིས་རིག་སོགས་སློབ་སྦྱོང་བྱས་ལ། ན་གཞོན་ཁོ་གཉིས་ཀྱང་རིམ་བཞིན་བརྩེ་དུང་གི་རྒྱ་རུ་ཚུད། ལོ་དྲུག་གི་རྗེས་སུ། བརྩོན་འགྲོས་རྒྱ་མཚོ་རེ་འདོད་ལྟར་ནུབ་བྱང་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། སློབ་ཆེན་དུ་ཁོ་སློབ་སྦྱོང་བཟང་བ་མ་ཟད་ལུས་རྩལ་ལའང་ཤིན་ཏུ་དད། སྒོས་སུ་ལྒང་ལི་བརྒྱབ་ན་གཟེངས་སུ་ཐོན་པས་མགྱོགས་མྱུར་ངང་དགེ་སློབ་དག་གིས་ཡིད་སྨོན་བྱེད་པའི་དཔེ་ལེགས་སུ་གྱུར། དེའི་མཚུངས་སུ་བུ་མོ་མང་པོ་ཞིག་གིས་སྨོན་པ་འཆོར་བའི་ཡུལ་དུ་གྱུར་ལ། དེའི་ཁྲོད་སློབ་གླིང་གི་འགོ་གཙོའི་བུ་མོ་ཡེ་ཤེས་ལྷ་མོ་ལྷག་ཏུ་ཁོ་ལ་དུངས་ཀྱི་འདུག  དངོས་པོའི་ཁེ་ཕན་དང་མཛེས་མའི་སླུ་བྲིད་འོག བརྩོན་འགྲོས་རྒྱ་མཚོས་ཡེ་ཤེས་ལྷ་མོའི་བརྩེ་བ་དང་ལེན་བྱས་པ་མ་ཟད་སློབ་གྲྭ་རུ་བསྡད་དེ་དགེ་རྒན་བྱས། ཏག་ཏག་སྐབས་འདིར། གྲོགས་མོ་སྔོན་མ་གངས་ལྷ་མེ་ཏོག་གིས་ཡུལ་ཚོའི་སློབ་མ་གཉིས་སྐྱོབ་པར་ཆུ་ལོག་གིས་མོའི་ཚེ་སྲོག་འཕྲོག་སོང་།  གློ་བུར་གྱི་གཏམ་ངན་འདིས་བརྩོན་འགྲོས་རྒྱ་མཚོ་སྡུག་བསྔལ་གྱི་གཡེང་དུ་ལྷུང་པར་བྱས་ཤིང་། ཁོའང་ནུབ་བྱང་མི་རིགས་སློབ་གླིང་ལས་ཁ་བྲལ་བ་དང་ཕ་ཡུལ་དུ་ལོག་སྟེ་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་སློབ་གཙོའི་འགན་བཞེས་ཏེ་གངས་ལྷ་མེ་ཏོག་གི་རྗེས་སྙེག་ནས་མུ་མཐུད་དུ་མོའི་སྒྲུབ་མ་ཚར་བའི་ལས་དོན་དེ་གཉེར་འགོ་བརྩམས།
    བརྩམས་སྒྲུང་འདིས་མར་མེ་ཚེ་འབར་ལས་གངས་ལྷ་མེ་ཏོག་དང་མོ་དང་འདྲ་བའི་ཁོར་ཡུག་བཙོག་ས་ནས་དཀའ་ངལ་ལ་མི་འཛེམ་ཞིང་ལེ་བདའ་ཅི་ཡང་མེད་པར་ཚེ་གང་བོར་གཞི་རིམ་གྱི་སློབ་གསོར་གཞོལ་བའི་སློབ་གསོའི་ལས་སྒྲུབ་པ་ཞིག་མཚོན་པ་ཡིན་ལ། དཔེ་དེབ་འདིས་གཏིང་ཟབ་སྒོས་གངས་ལྷ་མེ་ཏོག་དང་བརྩོན་འགྲོས་རྒྱ་མཚོ་སོགས་སྣང་བརྙན་དོད་པོའི་མི་སྣ་གསར་བཞེངས་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་པའི་དྲང་ནུས་ཀྱིས་ཁེངས་པར་བྱས་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...