སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་མི་རིགས་སློབ་ཆེན་གྱིས་དུས་རབས་གསར་བའི་བོད་ལྗོངས་དཔལ་འབྱོར་གླེང་སྟེགས་བསྡུས།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-18 12:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ9བའི་ཚེས16ཉིན་གྱི་སྔ་དྲོར། བོད་ལྗོངས་མི་རིགས་སློབ་ཆེན་སློབ་སྟོན་གཞུང་སྒྲུབ་ཁང་དང་ཚན་ཞིབ་ཁྲུའུ་ཡིས་གཙོ་སྒྲུབ་དང་། ནོར་སྲིད་སློབ་གླིང་གིས་འགན་སྒྲུབ་གནང་བའི་དུས་རབས་གསར་བའི་བོད་ལྗོངས་དཔལ་འབྱོར་གླེང་སྟེགས་དེ་བོད་ལྗོངས་མི་རིགས་སློབ་ཆེན་དཔེ་མཛོད་ཁང་ཚོམས་ཁང་དུ་བསྡུས་ཤིང་། བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུའི་རྒྱུན་ཨུ་དང་སློབ་གཙོ་གཞོན་པ་ཧྲི་པུན་ལིན་དང་ཡོན་ཏུང་ཡཱ། རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དང་། ལྷོ་ནུབ་ནོར་སྲིད་སློབ་ཆེན། ཞི་ཨའན་འགྲིམ་འགྲུལ་སློབ་ཆེན། ལྷ་ས་མི་དམངས་དངུལ་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་ནན་ཡཱ་ཞིབ་འཇུག་ཁང་སོགས་ཀྱི་ཆེད་མཁས་པ8གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་སྤེལ། ནོར་སྲིད་སློབ་གླིང་གི་དགེ་སློབ་ཡོངས་དང་། 2017ལོ་དང2018ལོའི་ཞིབ་འཇུག་སློབ་མ་གྲོས་ཚོགས་སུ་ཞུགས། ནོར་སྲིད་སློབ་གླིང་གི་གླིང་གཙོ་གཞོན་པ་ཁྲེན་ཨའེ་ཏུང་གིས་གྲོས་ཚོགས་ལ་མདོ་འཛིན་མཛད།

     ཡོན་ཏུང་ཡཱ་ཡིས་སློབ་གྲྭའི་ཚབ་བྱས་ཏེ་གསུང་རྒྱུར། སློབ་གྲྭ་འདི་སྒྲིག་གཞི་སྒྲིག་བཅོས་དང་ཚུལ་བསྒྱུར་འཕེལ་རྒྱས་ཀྱི་གནད་འགངས་སུ་ཡོད་ཅིང་། ཆེད་མཁས་པ་རྣམས་ཀྱིས་སློབ་གྲྭའི་དཔལ་འབྱོར་སྦྱོང་ཚན་གྱི་འཕེལ་རྒྱས་ཐད་བསམ་འཆར་ལྷུག་བརྗོད་གནང་བར་ཞུས། ཧྲི་པུན་ལིན་དང་ཆེད་མཁས་པ་རྣམས་ཀྱིས་རིམ་བཞིན་དུས་རབས་གསར་བའི་བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོངས་ཚུལ་གསར་བ་དང་ཁྱད་ཆོས་གསར་བ་དང་སྦྱར་ཏེ། མཛེས་ལྡན་བོད་ལྗོངས་དང་འཆམ་མཐུན་བོད་ལྗོངས། འབྱོར་འབྲིང་བོད་ལྗོངས་ཇི་ལྟར་འཛུགས་སྐྲུན་བྱེད་པ། བོད་ལྗོངས་ཀྱི་མཐོ་སྒང་དཔལ་འབྱོར་མ་ལག་ཇི་ལྟར་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་ལྗོངས་ཁྱད་ཆོས་ཀྱི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་སྦྱོང་ཚན་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་རང་ཉིད་ཀྱི་ལྟ་ཚུལ་བརྗོད།
     ཐེངས་འདིའི་བགྲོ་གླེང་ལ་བསྡོམས་པས་དཔྱད་རྩོམ46འབྱོར་ཞིང་། དགེ་རྒན་རྣམས་ཀྱི་ཚན་ཞིབ་གྲུབ་འབྲས་གསར་བ་ཡོངས་སུ་མཚོན་པར་བྱས།
     གྲོས་ཚོགས་ཀྱི་རྗེས་སུ། བོད་ལྗོངས་མི་རིགས་སློབ་ཆེན་ནོར་སྲིད་སློབ་གླིང་གིས་ཚོགས་ཞུགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བར་མཉམ་འབྲེལ་སློབ་སྒྲུབ་དང་། “གན་བཞག”བོད་ལྗོངས་མཐར་ཕྱིན་སློབ་མ་སྐྱེད་སྲིང། དགེ་རྒན་གཏོང་རེས། མཉམ་དུ་རྩིས་བཤེར་རིག་པའི་དངོས་གཞི་ཆེད་ལས་སྒྲིག་འཛུགས་སོགས་བརྗོད་གཞི་ཐད་བཞུགས་མོལ་གནང་།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་ནི་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར60འགོར་བའི་རིག་གཞུང་འབྲེལ་འདྲིས་གཟའ་འཁོར་བྱ་འགུལ་གྱི་རྣམ་གྲངས་ཤིག་ཡིན་ཞིང་། ད་ལོར། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ལོ་འཁོར60བསུས་ཤིང་། ལོ་ངོ60རིང་བོད་ལྗོངས་མི་རིགས་སློབ་ཆེན་ནི་བོད་ལྗོངས་སློབ་གསོ་ལས་དོན་ལམ་བུའི་དངོས་མྱོང་པ་དང་བདེན་འཛིན་པ་ཡིན།
     བོད་ལྗོངས་མི་རིགས་སློབ་ཆེན་ནི་སྔར་གྱི་སློབ་གླིང་དང་ཚན་ཁག་གི་རྨང་གཞིའི་སྟེང་། 2015ལོར་རྩོམ་རིག་སློབ་གླིང་དང་། མི་རིགས་ཞིབ་འཇུག་གླིང་། དོ་དམ་སློབ་གླིང་། ཁྲིམས་ལུགས་སློབ་གླིང་། གསར་འགྱུར་དྲིལ་སྒྲོག་སློབ་གླིང་། མར་ཁེ་སིའི་རིང་ལུགས་སློབ་གླིང་། ནོར་སྲིད་སློབ་གླིང་། ཆ་འཕྲིན་བཟོ་བཀོད་སློབ་གླིང་། སློབ་གསོའི་སློབ་གླིང་། ཕྱི་སྐད་སློབ་གླིང་། ལུས་རྩལ་སློབ་གླིང་། གསོ་རིག་སློབ་གླིང་སོགས་སློབ་སྒྲུབ་སྡེ་ཁག12ལས་གྲུབ་པའི་མཐོ་རིམ་སློབ་གྲྭ་ཞིག་ཏུ་འཕེལ་རྒྱས་བྱུང་།
     ལོ་ངོ60རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རྒྱལ་ཁབ་ལ་ཕུལ་བྱུང་ཤེས་ལྡན་མི་སྣ་ཁྲི8ལྷག་སྐྱེད་སྲིང་བྱས་ཤིང་། དེ་ལས་གཟེངས་ཐོན་ཤེས་ལྡན་མི་སྣ་མང་པོ་བརྡོལ་ཏེ། བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་པ་རེད།
     ད་ལྟ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཕེལ་རྒྱས་དེ་ཚད་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སློབ་ཆེན་དུ་གོམ་སྟབས་བསྒྱུར་ཞིང་། མིག་སྔར། སློབ་གྲྭར་རབ་འབྱམས་པའི་རིམ་པ་དང་པོའི་སྦྱོང་ཚན11དང་། རབ་འབྱམས་པའི་ཆེད་ལས་བསླབ་གནས་དབང་བཅོལ་རིགས10། དངོས་གཞིའི་ཆེད་ལས51། རིག་ཚན11ཁེབས་ཡོད། དེ་ལས་རྒྱལ་ཁབ་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་གནས་གཞི2དང་། རྒྱལ་ཁབ་རིམ་པའི་ཆེད་ལས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་གནས་གཞི་རྣམ་གྲངས1། ཞིང་ཆེན་རིམ་པའི་གཙོ་གནད་སྦྱོང་ཚན11།  རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་གནད་འཛུགས་སྐྲུན་སྦྱོང་ཚན1། བོད་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་ཆེད་ལས4། བོད་རང་སྐྱོང་ལྗོངས་རིམ་པའི་ཆེད་ལས་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་རྣམ་གྲངས3བཅས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...