སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚོ་ཤོག་གསར་པའི་དཔལ་འབྱོར་གླེང་སྟེགས་སྐབས་གསུམ་པའི་བརྡ་སྦྱོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-24 9:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཉེ་བའི་ལོ་འདི་འགར་བོད་ཀྱི་ན་གཞོན་པའི་སྡེ་རུ་ལས་རིགས་གསར་གཏོད་ཀྱི་མཐོ་རླབས་ཤིག་འཕྱུར་གྱིན་འདུག་སྟེ། ཁེ་ལས་ཆུང་འབྲིང་དང་ཞིང་འབྲོག་ཁུལ་གྱི་མཉམ་ལས་ཁང་སོགས་དཔལ་འབྱོར་རྩ་འཛུགས་ཀྱི་རྣམ་གྲངས་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་པ་ནི་ཧ་ཅང་ཡིད་དགའ་བའི་གནས་ཤིག་གོ། ཡིན་ནའང་སོ་སོར་ཆ་རྐྱེན་སྣ་ཚོགས་ཀྱི་ཚད་བཀག་ལ་བརྟེན་ཏེ་བོད་ཁུལ་གྱི་ཁེ་ལས་ཆུང་འབྲིང་རྣམས་ཀྱི་གྲངས་ཚད་འཕེལ་རྒྱས་ཐད་དུ་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཀྱིན་པའང་མངོན་གསལ་རེད།
     ཚོ་ཤོག་གསར་པ་ནི་བོད་ཡུལ་མཐོ་སྒང་ནས་གཞི་རྐང་ཚུགས་པ་ཡིན་པས། དེས་བོད་ཀྱི་ཁེ་ལས་པ་ཡོངས་ལ་ཕན་ཚུན་བསམ་བློ་མཐུན་སྦྱོར་གྱི་སྤྱི་སྟེགས་ཤིག་གསར་དུ་བསྐྲུན་པ་དང་། ས་ཁོངས་ལས་བརྒལ་བའི་འབྲེལ་འདྲིས་ཀྱི་ལམ་བུ་ཞིག་གསར་དུ་འཚོལ་བ། བོད་ཀྱི་ཁེ་ལས་སྤྱིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད་ལ། བོད་ཀྱི་ན་གཞོན་ལས་གཏོད་པར་ས་ཁོངས་ལས་བརྒལ་བའི་ལས་རིགས་གསར་གཏོད་ཀྱི་འབྲེལ་ལམ་ཞིག་གསར་དུ་བསྐྲུན་པར་ཤུགས་སྣོན་ཆེད་དང་། བོད་ཀྱི་ཁེ་ལས་ཆུང་འབྲིང་ལ་གསོ་སྦྱོང་གི་འཆར་གཞི་གཏན་ཁེལ་དང་། ཐུན་མིན་གྱི་ལས་གཞི་བརྩོན་ལེན། སོ་སོའི་ནུས་པ་གསོ་སྦྱོང་སོགས་ལེགས་པར་འགྲུབ་ཆེད་དུ་ཞབས་ཞུའི་རྣམ་གྲངས་རབས་དང་རིམ་པ་སྤེལ་ཏེ། ན་གཞོན་དཔུང་ཁག་གིས་གྲུབ་པའི་“མཐོ་སྒང་གི་ལས་གཏོད་འབབ་ཚུགས་དང་པོ་”ཆགས་པར་ནུས་ཤུགས་ཡོད་དགུ་བཏོན་བཞིན་ཡོད་ལ། ལས་རིགས་གསར་གཏོད་གསར་འབྱེད་ནི་རྒྱལ་སྤྱི་ཅན་ལ་ཕྱོགས་པའི་སྒོ་གླེགས་གསར་བ་ཞིག་དང་། སྤྱི་སྟེགས་གསར་བ་ཞིག དམིགས་དཔེ་གསར་བ་ཞིག་བཅས་འཛུགས་པར་འབད་པ་ལྷུར་ལེན་བྱེད་བཞིན་ཡོད།
     ཚོ་ཤོག་གསར་བ་དབུ་བརྙེས་པ་ནས་ད་ལ་ཐུག་གི་ལོ་ངོ་བཞིའི་རིང་ལ། སྔ་གཞུག་ཏུ་ཚོ་ཤོག་གསར་པའི་མཚོ་བསྐོར་ལྕགས་རྟའི་འགྲུལ་བཞུད་དང་། བོད་ཀྱི་རྒྱན་གོས་རིག་གནས་བགྲོ་གླེང་། བོད་ཀྱི་ན་གཞོན་ལས་གཏོད་པའི་དབུ་ཁྲིད་ཚོགས་འདུ། ཚོ་ཤོག་གསར་བའི་ལོ་སར་བཞུགས་མོལ་ཚོགས་འདུ། རེབ་གོང་བོད་ཀྱི་ན་གཞོན་ལས་གཏོད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ། བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་འགྲན་སྡུར། བོད་ཀྱི་ཁེ་ལས་ཆུང་འབྲིང་གི་ནུས་ཤུགས་འཛུགས་སྐྲུན་གྱི་གསོ་སྦྱོང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་”སོགས་མུ་འབྲེལ་བྱ་འགུལ་རབས་དང་རིམ་པ་མང་དུ་སྤེལ་བ་བརྒྱུད་དེ། བོད་ཀྱི་ན་གཞོན5000+ལྷག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་པ་དང་། བོད་ཁམས་ཀྱི་ཚོང་ལས་ཀྱི་མདུན་ལྗོངས་དང་ལམ་ཕྱོགས་ལ་གཟུར་བོའི་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།
     དེ་དང་མཉམ་དུ་བོད་ཁམས་ན་མིང་གྲགས་ཆེ་བའི་དཔལ་འབྱོར་རིག་པ་བ་དང་། ཁེ་ལས་པ། ཟོང་རྟགས་གྲགས་ཆེན་གྱི་སྲོལ་འབྱེད་པ། ན་གཞོན་ཤེས་ལྡན་ལས་གཏོད་པ་སོགས་གདན་གཅིག་ཏུ་འཛོམས་ཏེ། བོད་ཀྱི་ཁེ་ལས་ཆུང་འབྲིང་འཛུགས་སྐྲུན་གྱི་ཆེད་དུ་ལས་རིགས་གསར་གཏོད་ཀྱི་སྐད་གཉིས་མཛུབ་སྟོན་པ་དང་། ཁེ་ལས་ཀྱི་ཐོན་ཁུངས་དང་ལས་གཏོད་ཀྱི་བྱ་བ་མཉམ་རོལ་བྱ་སའི་ཆ་འཕྲིན་གྱི་འབྲེལ་ལམ་སྤྱི་སྟེགས་ཤིག་གསར་དུ་བསྐྲུན་པ་རེད།
     དེ་ལ་བརྟེན་ནས་བོད་རིག་གནས་ཀྱི་གསར་འཆར་ཟོང་རྟགས་ཀྱི་ཚོང་སྡེ་སོ་སོའི་བར་དུ་ཕན་ཚུན་རོགས་རམ་དང་། སློབ་སྦྱོང་། འབྲེལ་འདྲིས། མཉམ་འབྲེལ་གྱི་གནས་སྟངས་ཡག་པོ་ཞིག་ཆགས་པ་རེད། ཚོ་ཤོག་གསར་པའི་དེ་ལྟའི་ཚོང་རའི་ཁེབས་རྒྱ་དང་མཐུན་སྦྱོར་གྱི་ནུས་པ་དེ་ནི་ལས་རིགས་ཀྱི་ཁྲོད་དུ་དྲ་བའི་ཕན་ནུས་ལ་བརྟེན་ནས་མངོན་གསལ་བྱུང་ལ། ཕན་ནུས་དེའི་བསྐྱེད་འབྲས་ལས་ལས་རིགས་གསར་གཏོད་གསར་འབྱེད་དེ་བོད་སྤྱི་ཚོགས་ཀྱི་གླེང་གཞི་དང་གནད་ས་གཙོ་བོ་ཞིག་ཏུ་གྱུར་བ་རེད།
     དེར་བསྟུན་ཚོ་ཤོག་གསར་པའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གསུམ་པ2019ལོའི་ཟླ1པོའི་ཚེས5ནས6བར་དུ་གནའ་མཁར་ཟི་ལིང་ནས་འཚོག་རྒྱུ་ཡིན།
     ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཕན་ཚུན་ལ་མཉམ་སྤྱོད་དང་མཉམ་སྒྲུབ། མཉམ་འགུལ་དང་གླེང་མོལ་གྱི་ལམ་ནས་སྔར་ལས་ལྷག་པའི་སྒོ་ནས་བོད་ཁུལ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཁའ་དབུགས་ཡག་པོ་ཞིག་བསྐྲུན་པ་དང་། བོད་རིག་གནས་ཀྱི་གསར་འཆར་ཟོང་རྟགས་སྲོལ་འབྱེད་པའམ་ལས་རིགས་གསར་གཏོད་གསར་འབྱེད་ཀྱི་སྤྱི་ཚོགས་ལག་ལེན་ལ་བློ་ཁ་ཕྱོགས་པའི་ཉམས་མྱོང་ཅན་དང་ལས་གཏོད་པ་གང་མང་ལྷན་དུ་འཛོམས་ཏེ། བོད་པ་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ན་གཞོན་ལས་གཏོད་འཇོན་ཐང་ཅན་མང་པོ་སྔོག་འདོན་དང་གསོ་སྐྱོང་བྱས་ཏེ་བོད་ཁུལ་གྱི་ཐུན་མིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་བ་མཉམ་དུ་འཚོལ་ཞིབ་བྱ་རྒྱུ་དེའོ། །
     དེ་དང་མཉམ་དུ། ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་མནའ་འབྲེལ་ཚོགས་པ་བཙུགས་ནས་ཚོང་ལས་ཀྱི་ཤེས་རབ་ལ་བརྟེན་ཏེ་ལྗོངས་ཞིང་ལྔའི་བོད་ཁུལ་ཀྱི་མི་རིགས་ཁེ་ལས་དང་མཉམ་དུ་མཐོ་སྒང་སྤྱི་ཚོགས་ཀྱི་གསར་གཏོད་དང་དཔལ་འབྱོར་རྒྱུན་བསྲིང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ལ་སྐུལ་འདེད་གཏོང་རྒྱུ་དེའོ། །
     དེ་བས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གསུམ་པ་ལ་བརྟེན་ཏེ་བོད་ཀྱི་ཁེ་ལས་ཆུང་འབྲིང་རྣམས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་འབྱོར་ཞིང་སྤྱི་ཚོགས་ཀྱིས་ངོས་ཟིན་ཐོབ་སྟེ་སྔར་ལས་ལྷག་པར་ཆིག་སྒྲིལ་སྟོབས་ལྡན་གྱི་ངང་ནས་མུ་ནས་མདུན་དུ་བསྐྱོད་པར་རེ་བས་བརྟས་ཡོད།
     འབྲེལ་གཏུག་བྱ་ཐབས། 15682751059/18297237151
     E-mail:372917414@qq.com


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...