སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚོ་ཤོག་གསར་པའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གསུམ་པ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-8 10:28:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། ཀློག་གྲངས།


ཚོགས་འདུའི་ཟུར་ཞིག

     2019ལོའི་ཟླ1པོའི་ཚེས5ཉིན། ཚོ་ཤོག་གསར་པའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གསུམ་པ་དེ་ཟི་ལིང་སྰོ་ཧྥེ་ཐི་གསོལ་མགྲོན་ཁང་ནས་སྤེལ་ཞིང་། ཕྱོགས་སོ་སོའི་མིང་གྲགས་བོད་ཀྱི་ཁེ་ལས་པ་རྣམས་གནའ་མཁར་ཟི་ལིང་དུ་འཛོམས་ཏེ། རང་རང་གི་ཁེ་ལས་གསར་སྤེལ་ལས་རིགས་ཀྱི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་སྒོས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དམིགས་ཚད་དང་མདུན་ལྗོངས་སྔར་ལས་ལེགས་པོ་ཞིག་བསྐྲུན་པར་སྐུལ་འདེད་བཏང།

     བོད་ཀྱི་སློབ་གསོ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་ཀྱིས་སློབ་གསོས་དཔལ་འབྱོར་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་ནས་བོད་ཁུལ་གྱི་མི་ཤུགས་ཐོན་ཁུངས་འདོན་སྤྲོད་སྒྲིག་གཞི་དང་སློབ་གསོའི་རོགས་འདེགས་ཀྱི་མི་འདང་ས་སོགས་ངོ་སྤྲོད་བྱས་པ་བརྒྱུད། དུས་རབས་གསར་བའི་འགྲོས་དང་བསྟུན་ནས་དཔལ་འབྱོར་ཤེས་ལྡན་པ་དང་བོད་ཁུལ་སྲོལ་རྒྱུན་རིག་གནས་སོགས་ཀྱང་ཤེས་པའི་བོད་ཀྱི་ན་གཞོན་འཇོན་མི་སྐྱེད་སྲིང་དང་གསོ་སྐྱོང་བྱེད་པ་བཅས་ཀྱི་ཕྱོགས་ལ་སྐུལ་འདེད་གང་ལེགས་གནང་བ་རེད།

     ཚོགས་ཐོག་ཏུ་ད་དུང་། ཚོ་ཤོག་གསར་བའི་ལས་བྱེད་མི་སྣས་གླེང་སྟེགས་ཀྱི་དགོངས་གཞི་ཀུན་ལ་ཁྱབ་བསྒྲགས་བྱས་ནས་བོད་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་གཙོ་གནད་དུ་བཟུང་ནས། བོད་ཁུལ་ཁེ་ལས་པའི་བར་མཐུན་སྒྲིལ་མཉམ་སྐྱོད་དང་རོགས་རེས་སྐུལ་སྤེལ་གྱི་ཟམ་ཆེན་ཞིག་བཙུགས་ཏེ། བོད་ཀྱི་ཁེ་ལས་ལས་རིགས་ལ་གཞི་རྒྱ་ཆེ་བའི་གར་སྟེགས་ཤིག་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་རྒྱའི་ཆོད་སེམས་བརྟན་པོ་བསྟན། ཚོ་ཤོག་གསར་པས་བྱེད་སྒོ་རབས་དང་རིམ་པ་སྤེལ་བ་བརྒྱུད་དེ་ན་གཞོན་གྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་ལ་དུས་གཏན་གྱི་ཁ་ཕྱོགས་འཚོལ་གྱིན་ཡོད།

     ཐེངས་འདིའི་གླེང་སྟེགས་ལའང་ཕྱོགས་སོ་སོའི་ཁེ་ལས་པ་དང་ཞིབ་འཇུག་པ། སློབ་གསོ་བ། ཁེ་ལས་ལས་རིགས་ལ་དགའ་མོས་མཁན་དང་སློབ་ཆེན་སློབ་མ་སོགས་ཞུགས་ཡོད་ལ། ཁོ་ཚོའི་འཚོལ་སྙེག་གི་ལམ་བུར་སྣེ་ཁྲིད་དང་ཁ་ཕྱོགས་ཡང་དག་ཅིག་བསྐྲུན་ཡོད་ངེས་ལ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསླངས་པ་སོགས་ཀྱི་དགེ་མཚན་གང་མང་ཞིག་ཀྱང་བསྐྲུན་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...