སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་གནད་འཁེལ་དབུལ་སྐྱོར་བྱ་འགུལ་གྱི་མཛད་སྒོ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-22 17:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
    ཏང་གི་ཡང་དག་པའི་དམངས་ཕན་རྒྱལ་གཉེར་གྱི་སྲིད་ཇུས་དང་རྒྱལ་ཁབ་རིམ་པས་ལྷག་བསམ་རྣམ་དག་གིས་འཆར་གཞི་ལྟར་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་དུས་ཡུན་ཚད་བཅད་རང་བཞིན་གྱིས་དབུལ་ཐར་ཕྱུག་འགྱུར་བྱེད་དགོས་པའི་སྣེ་ཁྲིད་དང་རོགས་སྐྱོར་ཕུན་སུམ་ཚོགས་པ་ཞིག་བྱས་བྱེད་བཞིན་ཡོད་ལ། སྒོས་སུ་དཔལ་འབྱོར་གྱི་ཐོན་ཁུངས་དང་འཚོ་བའི་ཆ་རྐྱེན་དམན་པའི་མང་ཚོགས་ཀྱི་འཚོ་བ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཆེད། ཐུན་མོང་དང་མི་སྒེར་གང་རུང་ནས་རོགས་སྐྱོར་དང་སྐུལ་སློང་ལ་བརྟེན་ནས་དབུལ་ཕོངས་ཀྱི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ་བར་བྱེད་རྒྱུ་ནི་ང་ཚོས་མ་བགྲོས་གཅིག་མཐུན་གྱིས་མངོན་འགྱུར་བྱེད་དགོས་པའི་རླབས་ཆེན་གྱི་ལས་དོན་ཞིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཆ་ལ་མེད་དུ་མི་རུང་བའི་སྔོན་འགྲོའི་ལེ་ཚན་ཞིག་ཀྱང་ཡིན་སྲིད་པ་རེད། རང་གཞན་ཟུང་འབྲེལ་སྒོས་འབྱོར་ཕྱུག་ལྡན་པའི་ལམ་དུ་བསྐྱོད་པར་བྱེད་དགོས་ན་ཧུར་ཐག་འབད་ཐག་གིས་དབུལ་ཕོངས་བཅོས་བསྒྱུར་བྱེད་པ་ནས་མགོ་རྩོམ་དགོས་པ་ཡིན་ལ།རྒྱལ་ཁབ་དར་ཞིང་རྒྱས་ལ་མང་ཚོགས་བདེ་ཞིང་སྐྱིད་པའི་སྲིད་ཇུས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་གོ།  
     2019ལོའི་ཟླ5ཚེས17ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་གྱི་སྟེང་ང་ཚོ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་གནད་འཁེལ་དབུལ་སྐྱོར་ཚོགས་པའི་དགེ་རྒན་དག་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་དང་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་གཉིས་ཀྱིས་སྣེ་ཁྲིད་དེ་གསེར་ཆེན་རྫོང་གི་ཆོས་རྗེ་ཞང་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བར་འགྲོ་བའི་ལམ་དུ་ཆས་པ་ཡིན། ཐེངས་འདིའི་གནད་འཁེལ་དབུལ་སྐྱོར་གྱི་བྱ་འགུལ་དེ་མཛེས་ཤིང་སྡུག་པའི་ཆོས་རྗེ་ཞང་གི་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བའི་རྩྭ་ཐང་གི་ཏང་ཡོན་བྱ་འགུལ་ཁང་དུ་གཟབ་རྒྱས་ངང་སྤེལ་བ་ཡིན་ལ་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པས་སྣེ་ཁྲིད་པའི་དབུལ་སྐྱོར་ཚོགས་པ་བ་ཝོ་སྡེ་བར་སོང་ནས་ཐེངས་འདིའི་བྱ་འགུལ་གྱི་དགོངས་དོན་སོགས་མང་ཚོགས་ཀྱི་སྙན་ལམ་དུ་གོ་བདེ་ཞིང་འཐུས་ཚང་བའི་སྒོ་ནས་ཁྱབ་བསྒྲགས་བྱས་པ་ཡིན་ལ།སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་གིས་སྣེ་ཁྲིད་པའི་དབུལ་སྐྱོར་ཚོགས་པ་མཆོད་རྟེན་སྡེ་བར་ཐོན་ཏེ་དབུལ་སེལ་ཕྱུག་འགྱུར་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད། ཐེངས་འདིའི་བྱ་འགུལ་གོ་རིམ་གསུམ་གྱིས་གྲུབ་པར་སྣང་།
གོ་རིམ་དང་པོ། སྲིད་ཇུས་ཁྱབ་བསྒྲགས་བྱས་པ།
     སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་དང་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་གཉིས་ཀྱིས་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བ་སོ་སོ་ནས་དབུལ་སེལ་ཕྱུག་འགྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་དང་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་མང་ཚོགས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་པ་མ་ཟད། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གཞིར་བཟུང་སྟེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་རང་ནུས་གང་ཡོད་འདོན་དགོས་ལ་ལྷག་པར་དུ་དབུལ་སེལ་ཕྱུག་འགྱུར་གྱི་རླབས་ཆེ་བའི་བྱ་གཞག་འདི་མི་སྒེར་དང་ཐུན་མོང་གང་རུང་ནས་ཡང་དག་པའི་སྒོ་ནས་དང་ལེན་བྱེད་དགོས་ཚུལ་དང་དབུལ་སེལ་ཕྱུག་འགྱུར་གྱི་ཆེས་མཐར་གཏུགས་ཀྱི་དམིགས་འབེན་དང་མ་འོངས་པའི་གནས་བབས་སོགས་ཕྲ་ཞིང་ཞིབ་པོའི་སྒོ་ནས་ས་གནས་དེ་གའི་མང་ཚོགས་རྣམས་ལ་ར་སྤྲོད་བྱས་པ་རེད། 
གོ་རིམ་གཉིས་པ། ཁྱིམ་ཚང་ངོས་འཛིན་བྱས་པ།
     ཐེངས་འདིའི་དབུལ་སྐྱོར་ཚོགས་པའི་དགེ་རྒན་དག་གིས་རང་རང་ལ་གཏན་འཁེལ་བྱས་པའི་དབུལ་ཕོངས་ཁྱིམ་བདག་དང་དངོས་སུ་ངོ་འཕྲད་པ་མ་ཟད། དེ་དག་དང་མཉམ་དུ་དབུལ་སེལ་ཕྱུག་འགྱུར་བྱེད་དགོས་ན་ཕྱོགས་གང་དག་ནས་འབད་པ་རྒྱུན་འཁྱོངས་བྱེད་དགོས་ཚུལ་དང་མི་རང་སྟེང་ནས་ཀྱང་ལས་དོན་སོགས་གང་གི་ཐད་ནས་འབད་པ་རྒྱུན་འཁྱོངས་བྱེད་དགོས་པ་ལས་དུས་ནམ་ཡང་གཞན་གྱིས་རོགས་སྐྱོར་དང་མཐུན་རྐྱེན་སྦྱར་བ་ཙམ་ལ་ཡིད་ཚིམ་ནས་སྡོད་མི་རུང་ལ་རང་གི་ནུས་པ་དང་འཚམ་པའི་ལས་ཀ་རེ་བཙལ་ཏེ་དབུལ་ཕོངས་ཀྱི་དཀའ་གནད་ཐག་གཅོད་བྱེད་དགོས་པའི་སྐོར་གྲོས་མོལ་བྱས་པ་ཡིན་ལ།སྒོས་སུ་རང་གི་འབད་པ་མི་བྱེད་པར་སྒྱིད་ལུག་གི་ངང་ནས་དུས་འདའ་བར་བྱས་ན་རང་ཉིད་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་འབྱུང་མི་སྲིད་ལ།གནད་ཁེལ་དབུལ་སྐྱོར་གྱི་དམིགས་འབེན་ཡང་འགྲུབ་མི་ནུས་པའི་སྐོར་དགེ་རྒན་རང་རང་གི་མཐོང་ཐོས་མྱོང་གསུམ་དང་སྦྱར་ནས་དབུལ་ཕོངས་ཁྱིམ་བདག་དག་ལ་གསལ་འདེབས་བྱས་པ་ཡིན།ཁྱིམ་བདག་དེ་དག་གིས་ཀྱང་དགེ་རྒན་དག་གིས་བཤད་ཚུལ་དང་རང་སེམས་སུ་དྲན་ཚུལ་གཉིས་ཟུང་འབྲེལ་སྒོས་མ་འོངས་པའི་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་ལོངས་སུ་སྤྱོད་པའི་ཆ་ལ་ནུས་པ་གང་ཡོད་འདོན་དགོས་པའི་བསམ་པའི་ཀུན་སློང་བསྐྱེད་པར་བྱས་པ་རེད།
གོ་རིམ་གསུམ་པ།  ཁྱིམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་ཕྱིན་པ།
     ཐེངས་འདིའི་དབུལ་སྐྱོར་ཚོགས་པའི་དགེ་རྒན་དག་རང་རང་ལ་གཏན་འཁེལ་བྱས་པའི་དབུལ་ཕོངས་ཁྱིམ་ཚང་དུ་ཕྱིན་པ་མ་ཟད། ཁྱིམ་ཚང་དེ་དག་གི་འཚོ་བའི་གནས་བབས་དང་དཔལ་འབྱོར་གྱི་ཐོན་ཁུངས། ཕྱུགས་ཟོག་གི་མང་ཉུང་སོགས་ལ་རྒྱུས་ལོན་བྱས་པ་ཡིན་ལ།ནང་སྒོས་སུ་དགེ་རྒན་དག་གིས་རང་གི་འོས་འགན་དང་ཡོངས་པའི་དམིགས་ཡུལ་སོགས་ཀྱང་ཁྱིམ་བདག་ལ་གསལ་བཤད་བྱས་པ་བརྒྱུད་ནས་དབུལ་ཕོངས་ཁྱིམ་ཚང་དག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཀའ་སྡུག་གི་འཚོ་བར་རྒྱུས་ལོན་བྱས་ཤིང་དབུལ་ཕོངས་སེལ་བའི་ཐབས་ལམ་དང་དབུལ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་སོགས་མང་ཚོགས་ལ་ཡང་བསྐྱར་གསལ་འདེབས་བྱས་པ་རེད། ཐེངས་འདིའི་གནད་ཁེལ་དབུལ་སྐྱོར་གྱི་བྱ་བར་ཞུགས་པའི་དགེ་རྒན་དག་གིས་དབུལ་ཕོངས་ཁྱིམ་ཚང་གི་གནས་སྐབས་སམ་མཐར་གཏུགས་ཀྱི་དམིགས་ཡུལ་ལེགས་འགྲུབ་བྱེད་དགོས་ན་གཞན་གྱིས་རོགས་སྐྱོར་ཁོ་ནས་མཐའ་འཁྱོལ་དཀའ་ཞིང་ལྷག་པར་དུ་མི་རབས་རྗེས་མའི་འཚོ་གནས་ལ་དེ་ལས་ལྷག་པའི་དཀའ་སྡུག་གི་གནོན་ཤུགས་ཤིག་འབྱུང་སྲིད་པ་ཡིན་པས་དབུལ་སེལ་གྱི་གནད་དོན་མེད་པར་བཟོ་དགོས་ན་ཁྱོན་ཡོངས་ནས་མི་རང་སྟེང་ནས་མགོ་རྩོམ་དགོས་ཤིང་མི་རང་ཉིད་ཀྱིས་རྒྱུན་ཆད་མེད་པའི་འབད་བརྩོན་ལ་རག་ལས་དགོས་པ་དེ་རེད།
     མཇུག་མཐར། སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཆོས་རྗེ་ཞང་བ་ཝོ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་༢༢ལ་གནད་ཁེལ་དབུལ་སྐྱོར་སྐོར་གྱི་ཡང་དག་པའི་སློབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས་དོན་ཚན་ཆེན་མོ་ལྔ་ཡི་སྟེང་ནས་བ་ཝོ་སྡེ་བའི་མང་ཚོགས་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་བསྒྲགས་དང་དབུལ་སེལ་ཕྱུག་འགྱུར་གྱི་བྱེད་ཐབས། གནད་ཁེལ་དབུལ་སྐྱོར་གྱི་གོ་རིམ་སོགས་ཀྱི་སྐོར་མང་ཚོགས་ལ་གསུངས་གླེང་མཛད།
     དོན་ཚན་དང་པོ།  གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ངོ་སྤྲོད་བྱས་པ།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་བ་ཝོ་སྡེ་བའི་མང་ཚོགས་རྣམས་ལ་སློབ་གྲྭའི་དགེ་རྒན་གྱི་འགན་ཁུར་དང་སློབ་མས་སློབ་སྦྱོང་གི་བྱེད་ཐབས། ལོ་རེ་རེའི་འབྲིང་རྒྱུགས་ལས་བླངས་པའི་གྲུབ་འབྲས། ཕྱིའི་ཁོར་ཡུག་གི་རྒྱ་ཁྱོན་དང་ནང་སློབ་ཁང་གི་ཇུས་འགོད་སོགས་གསལ་བསྒྲགས་བྱས་པ་མ་ཟད། སློབ་གྲྭས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་མི་རིགས་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་ནས་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་འབོར་ཆེན་ཞིག་གསོ་སྐྱོང་བྱེད་པའི་ཐད་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་ལ། ཁྱད་པར་དུ་སློབ་མའི་མ་འོངས་ཕུགས་འདུན་མངོན་འགྱུར་གྱི་ཐད་ལ་མི་ཤུགས་དང་རྒྱུ་ཤུགས་ཟུང་འབྲེལ་སྒོས་དུས་རབས་གསར་བའི་འོས་འགན་ལེགས་འགྲུབ་བྱེད་པར་ནུས་པའི་ཚུལ་ལྡན་གྱི་སློབ་མ་ཞིག་གམ་མེས་རྒྱལ་དང་ཕ་མ། དགེ་རྒན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་སྣོད་ལྡན་གྱི་སློབ་མ་ཡ་རབས་ཤིག་གསོ་སྐྱོང་ཇི་ལྟར་བྱེད་བཞིན་ཡོད་ཚུལ་སོགས་ངོ་སྤྲོད་བྱས་པ་རེད།
     དོན་ཚན་གཉིས་པ།  སློབ་གྲྭས་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་ངོ་སྤྲོད་བྱས་པ།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་སློབ་གྲྭས2017ལོ་ནས་2019བར་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་གིས་ལས་བགོས་ལྟར་གསེར་ཆེན་རྫོང་གི་སྤྲེལ་ནག་ཞང་ཤིང་མགོན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་77ལ་དབུལ་སེལ་ཕྱུག་འགྱུར་གྱི་རོགས་སྐྱོར་བྱས་པ་དང་ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་དབུལ་ཕོངས་སེལ་བར་བྱེད་པའི་ཆ་ལ་རོགས་རམ་དང་མཐུན་རྐྱེན་གང་ལེགས་སྦྱར་བ། ལྷག་པར་དུ་བདེ་ཐང་མིན་པའི་ནད་པ་སྐོར་ཞིག་ལ་རོགས་སྐྱོར་བྱས་ཚུལ། ད་ལོ་ནས་བཟུང་ཆོས་རྗེ་ཞང་གི་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བར་དབུལ་སེལ་ཕྱུག་འགྱུར་གྱི་རོགས་སྐྱོར་བྱེད་པའི་བརྩེ་སེམས་དང་ལེན་བྱས་ཏེ་སྤྲེལ་ནག་ཞང་ཤིང་མགོན་སྡེ་བའི་ཁྱིམ་ཚང་77དང་ཆོས་རྗེ་ཞང་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བ་ནས་ཁྱིམ་ཚང་53བསྡོམས་པའི་དབུལ་ཕོངས་ཁྱིམ་ཚང་130ལ་སློབ་གྲྭས་ནུས་པ་གང་ཡོད་ཀྱིས་དབུལ་སེལ་ཕྱུག་འགྱུར་རོགས་སྐྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་གསལ་བཤད་བྱས་པ་རེད། ཐེངས་འདིའི་ཆོས་རྗེ་ཞང་གི་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་53ལ་ཁྱིམ་རེ་རེར་དམངས་སྒོར་200དང་རིན་གོང་སྒོར་100ཅན་གྱི་འབྲས་ཁུག་མ་གང་རེ་བྱིན་པ་དང་རླངས་འཁོར་གྱི་གླ་ཡོན་ལ་དམངས་སྒོར 3705 བྱིན་པ། ཁྱོན་བསྡོམས་ཐེངས་འདིའི་དབུལ་སེལ་ཕྱུག་འགྱུར་གྱི་ཐད་ལ་དམངས་སྒོར 19605འགྲོ་སོང་བཏང་ཚུལ་ཡང་ངོ་སྤྲོད་གནང་བ་རེད།
     དོན་ཚན་གསུམ་པ། རང་རྒྱལ་གྱི་གནད་འཁེལ་དབུལ་སྐྱོར་གྱི་རླབས་ཆེན་གྱི་བྱ་གཞག་ངོ་སྤྲོད་བྱས་པ།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་རྒྱལ་ཁབ་ཀྱི་ལྷག་བསམ་རྣམ་དག་གིས་དབུལ་ཕོངས་ཁྱིམ་ཚང་ལ་གནང་བའི་སྲིད་ཇུས་བཟང་བོ་འདི་མི་སྒེར་དང་ཐུན་མོང་གང་རུང་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་མ་ཟད། རང་རྒྱལ་གྱི་གོང་འོག་བར་གསུམ་ནས་གནད་འཁེལ་དབུལ་སྐྱོར་གྱི་བྱ་གཞག་འདི་ལ་མཐོང་ཆེན་དང་སྒོས་སུ་ཏང་གི་ཡང་དག་པའི་སྲིད་ཇུས་བཟང་བོའི་ལམ་ལུགས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ཤིང་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་དགོས་པའི་དོན་སྙིང་ཡང་རྟོགས་པར་བྱེད་དགོས་ལ་མང་ཚོགས་རྣམས་པས་ཀྱང་རྒྱལ་ཁབ་ཀྱི་ལས་དོན་བཟང་བོའི་བླ་མེད་ཀྱི་དགེ་མཚན་དང་དུ་བླངས་ཏེ་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞི་གསར་བ་ཞིག་སྐྲུན་པར་བརྩོན་ལེན་བྱེད་དགོས་པའི་སྐོར་གྱི་སློབ་སྟོན་གནང་བ་རེད།
     དོན་ཚན་བཞི་པ། དབུལ་ཕོངས་ཁྱིམ་ཚང་དག་གིས་རང་སྟེང་ནས་འབད་འབུངས་བྱེད་དགོས་པའི་སྐོར།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ས་དེ་གའི་མང་ཚོགས་རྣམས་ལ་ཁ་ཞེ་གཉིས་མེད་སྒོས་གཅིག་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཁྱབ་བསྒྲགས་དང་གཉིས་ནས་དབུལ་ཐར་ཕྱུག་འགྱུར་བྱེད་དགོས་ན་གོང་རིམ་གྱིས་རོགས་སྐྱོར་ཁོ་ནར་དམིགས་ནས་མི་སྡོད་པར་མང་ཚོགས་རང་སྟེང་ནས་ཀྱང་དཀའ་སྤྱད་འབད་བརྩོན་གྱིས་ལས་ལ་འབད་པ་བྱེད་དགོས་པ་ཡིན་ལ། རང་གི་ནུས་པ་དང་རང་གི་སྟོབས་ཤུགས་ལ་བརྟེན་ནས་འབད་འབུངས་བྱས་ཚེ་མི་འགྱངས་པར་དབུལ་ཐར་ཕྱུག་འགྱུར་གྱི་ལས་འགན་འགྲུབ་པར་བྱེད་སྲིད་པའི་ཡིད་ཆེས་ཡོད་དགོས་ཤིང་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་རོགས་སྐྱོར་བྱེད་པའི་དམིགས་ཡུལ་ཡང་ལེགས་འགྲུབ་བྱས་པ་ཡིན་ཚུལ་གསུངས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན་ནི་དབུལ་ཕོངས་ཀྱི་འཚོ་བ་ནི་རང་གིས་རྩོལ་བ་མ་བྱས་པ་ལས་བྱུང་བ་ཡིན་ལ་ངལ་རྩོལ་མ་བྱས་པར་གཞན་གྱི་རོགས་སྐྱོར་ཁོ་ནར་ངང་སྒུག་བྱས་ན་ཕྱུག་འགྱུར་གྱི་ལམ་དུ་ནམ་ཡང་ཞུགས་མི་ཐུབ་པའི་གནས་ལུགས་གསལ་བཤད་བྱས་ཏེ་གང་ནུས་ཅི་ལྕོགས་སྒོས་ལས་འགན་ལ་བརྩོན་ལེན་དང་རྒྱལ་ཁབ་ཀྱི་རེ་འདུན་ལེགས་འགྲུབ་བྱེད་དགོས་པའི་རེ་བ་བཏོན་པ་རེད།
     དོན་ཚན་ལྔ་པ། དབུལ་བོའི་རྒྱུན་ཐག་གཅོད་དགོས་ན་སློབ་མ་སློབ་གྲྭར་སྐྱེལ་ཏེ་ཤེས་རིག་གི་ཐོན་སྐྱེད་ནུས་ཤུགས་ཀྱིས་ལས་དབང་ལ་ཁ་ལོ་བསྒྱུར་དགོས་པའི་གལ་ཆེན་རང་བཞིན་བརྗོད་པ།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་གཟབ་ནན་གྱིས་ས་གནས་དེ་གའི་མང་ཚོགས་ལ་བཤད་རྒྱུར། དབུལ་ཕོངས་ཀྱི་ལོ་རྒྱུས་མཇུག་རྫོགས་ཏེ་འབྱོར་ཕྱུག་གི་འཚོ་བ་ལོངས་སུ་སྤྱོད་དགོས་ན་ལུས་ཀྱིས་རྩོལ་བ་བྱས་པ་ཁོ་ནས་མི་འགྲུབ་པར་ད་དུང་རང་གི་བུ་ཕྲུག་དག་དུས་ལྟར་སློབ་གྲྭར་སྐྱེལ་དགོས་ལ།བུ་ཕྲུག་གི་རྒྱུད་ལ་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་དང་བསམ་བློའི་ལྟ་བ་ཡང་དག་ཅིག་འབྱོར་བར་བྱས་ཚེ་དབུལ་ཕོངས་ཀྱི་འགག་སྒོ་ལས་ཐར་བར་བྱེད་པའི་སྟོབས་ཤུགས་ལྡན་ཞིང་མི་དམངས་མང་ཚོགས་ཀྱི་བཅོས་བསྒྱུར་བྱེད་དགོས་པའི་འཚོ་བའི་གནས་བབས་ལ་སྔ་ན་མེད་པའི་བདེ་སྐྱིད་ཀྱི་ཉམས་འགྱུར་རྫོགས་པར་བཤད། དེ་ལས་ལྡོག་སྟེ་ལུས་ཀྱི་རྩོལ་བ་ཁོ་ནས་གནས་སྐབས་ཀྱི་དཀའ་ཁག་ཙམ་སེལ་བར་བྱེད་ན་ཡང་མཐར་གཏུགས་ཀྱི་གཏན་འཇགས་རང་བཞིན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་བར་ཁག་པས་ང་ཚོས་རང་གི་བྱིས་པ་གཅིག་ཀྱང་མ་ལུས་སློབ་གྲྭར་སྐྱེལ་དགོས་པ་མ་ཟད། ཕ་མ་དག་གིས་ཀྱང་རང་ནུས་གང་ཡོད་སྒོས་བྱིས་པའི་རེ་འདུན་དང་སློབ་སྦྱོང་གི་འོས་འགན་ལེགས་འགྲུབ་འབྱུང་བའི་ཐད་ལ་རམ་འདེགས་དང་མཐུན་རྐྱེན་གང་ལེགས་སྦྱོར་དགོས་པ་རེད། དེ་ལྟར་བྱས་ན་ད་ལྟའི་མི་རབས་འདིའི་དབུལ་ཕོངས་ཀྱི་དཀའ་ཁག་ཐག་གཅོད་བྱེད་པ་ཡིན་ལ་སྒོས་སུ་མི་རབས་རྗེས་མའི་དབུལ་ཕོངས་ཀྱི་རྒྱུན་ཐག་གཅོད་པར་བྱེད་པའི་ནུས་སྟོབས་ཀྱང་ལྡན་སྲིད་པས་ངེས་པར་དུ་བྱིས་པ་སློབ་གྲྭར་སྐྱེལ་ཏེ་ཤེས་རིག་གི་ཐོན་སྐྱེད་ནུས་ཤུགས་ཀྱིས་ལས་དབང་ལ་ཁ་ལོ་བསྒྱུར་ནུས་ལ་བསྒྱུར་ཡང་སྲིད་པའི་སློབ་སྟོན་གལ་ཆེན་གནང་བ་རེད།
     སློབ་གྲྭའི་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་ཆོས་རྗེ་ཞང་མཆོད་རྟེན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་31ལ་ཡང་དག་པའི་སློབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས་དོན་ཚན་ཆེན་མོ་བཞི་ཡིས་སྟེང་ནས་མཆོད་རྟེན་སྡེ་བའི་མང་ཚོགས་ལ་དབུལ་སེལ་ཕྱུག་འགྱུར་བྱེད་པའི་དམིགས་ཡུལ་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་བསྒྲགས་དང་སློབ་སྦྱོང་བྱེད་དགོས་པའི་བསམ་ཚུལ་བཏོན་པ་རེད།
     དོན་ཚན་དང་པོ། སློབ་གྲྭའི་དབུལ་སྐྱོར་ཚོགས་པ་ཆོས་རྗེ་ཞང་མཆོད་རྟེན་སྡེ་བར་ཡོངས་དགོས་པའི་རྒྱུ་མཚན་རགས་བཤད་བྱས་པ།
     སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་མཆོད་རྟེན་སྡེ་བའི་མང་ཚོགས་དག་ལ་སློབ་གྲྭའི་དབུལ་སྐྱོར་ཚོགས་པ་སྡེ་བ་འདིར་ཐོན་ཏེ་འདི་ལྟ་བུའི་བྱ་འགུལ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཐེངས་འདིའི་བྱ་འགུལ་འདིའི་གལ་ཆེན་རང་བཞིན་དང་གཙོ་གནད་རང་བཞིན་ཡང་བརྒྱུད་བསྒྲགས་བྱས་པ་རེད།
     དོན་ཚན་གཉིས་པ། སློབ་གྲྭས་སྤྲེལ་ནག་ཞང་ཤིང་མགོན་སྡེ་བར་རོགས་སྐྱོར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ།
     སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་སློབ་གྲྭས་2017ལོ་ནས་བཟུང་བསྟུད་མར་ལོ་ངོ་གསུམ་གྱི་རིང་ལ་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས་སྐྱིད་སྡུག་མཉམ་མྱོང་གི་བསམ་པའི་ཀུན་སློང་གཞིར་བཟུང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལྟར་ཕན་ཚུན་ལ་རོགས་རམ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཚུལ་དང་ཁྱོན་ཡོངས་ནས་ཏང་གི་སྲིད་ཇུས་བཟང་བོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་བརྒྱུད་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་དམིགས་འདུན་ལ་བརྩོན་ལེན་བྱེད་དགོས་པ་གཙོ་གནད་དུ་བཟུང་ནས་ཤིང་མགོན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང77ལ་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱས་པའི་གནས་ཚུལ་ཆོས་རྗེ་ཞང་མཆོད་རྟེན་སྡེ་བའི་མང་ཚོགས་ལ་གསལ་བཤད་བྱས་པ་རེད།
     དོན་ཚན་གསུམ་པ། སློབ་གྲྭའི་དབུལ་སྐྱོར་ཚོགས་པའི་དགེ་རྒན་དག་ཆོས་རྗེ་ཞང་དུ་ཐོན་དགོས་པའི་རྒྱུ་རྐྱེན།
     སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་རང་གིས་སྣེ་ཁྲིད་པའི་སློབ་གྲྭའི་དབུལ་སྐྱོར་ཚོགས་པའི་དགེ་རྒན་དག་མཆོད་རྟེན་སྡེ་བར་ཐོན་དགོས་པའི་སྐོར་གྱི་གསུངས་བཤད་གལ་ཆེན་གནང་བ་རེད།ཁོང་གིས་བསྟན་དོན་ཐེངས་འདིར་སློབ་གྲྭའི་དབུལ་སྐྱོར་ཚོགས་པའི་དགེ་རྒན་དག་གིས་རིན་ཐང་ཆེ་བའི་དུས་ཚོད་བེད་སྤྱད་དེ་མཆོད་རྟེན་སྡེ་བར་ཡོངས་དོན་ནི་གཅིག་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།གཉིས་ནས་ཁྱོན་ཡོངས་ནས་མང་ཚོགས་ཀྱི་འཚོ་བ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་དགོས་པ།གསུམ་ནས་གནད་ཁེལ་དབུལ་སྐྱོར་གྱི་འོས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱེད་པ་བཅས་རྒྱུ་རྐྱེན་གསུམ་གྱི་སྟེང་ནས་ཐེངས་འདིའི་དབུལ་ཐར་ཕྱུག་འགྱུར་གྱི་བྱ་འགུལ་འདི་འཐུས་ཚང་སྒོས་ལེགས་འགྲུབ་བྱེད་དགོས་པའི་བསམ་ཚུལ་བཏོན་པ་རེད།
     དོན་ཚན་བཞི་པ། དབུལ་ཐར་ནི་མི་རང་སྟེང་ནས་བརྩོན་ལེན་བྱེད་དགོས་ཚུལ།
     སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་ནན་གྱིས་བསྟན་དོན།དབུལ་ཐར་གྱི་བྱ་བ་ནི་གོང་རིམ་གྱིས་གནང་སྦྱིན་བྱས་པ་ཁོ་ནས་ཐག་གཅོད་བྱེད་ནུས་པ་ཞིག་གཏན་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་མི་རང་ཉིད་ཀྱིས་ཀྱང་རང་གི་ལས་འགན་ལ་དུས་དང་རྣམ་པ་ཀུན་ཏུ་བརྩོན་ལེན་བྱེད་དགོས་པ་རེད། ང་ཚོས་དབུལ་ཐར་ཕྱུག་འགྱུར་གྱི་ཡང་དག་པའི་སྲིད་ཇུས་དང་བསྟུན་ནས་ཁྲིམས་མཐུན་ལུགས་མཐུན་སྒོས་རང་གི་དབུལ་ཕོངས་སེལ་བར་བྱེད་པའི་ཆ་ལ་འབད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་པ་མ་ཟད། རྗེས་ཕྱོགས་ནས་རང་རང་གི་ནུས་པར་བརྟེན་ནས་ཏང་གི་ཡང་དག་པའི་ཁ་ཕྱོགས་ལྟར་དབུལ་ཐར་ཕྱུག་འགྱུར་གྱི་འོས་འགན་དང་ལེན་དང་གནད་ཁེལ་དབུལ་ཐར་གྱི་བྱ་གཞག་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་དགོས་པའི་རེ་བ་བཏོན་པ་རེད།
     ཐེངས་འདིའི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་སྤྱི་གཡུང་དྲུང་བསྟན་པ་དང་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་གཉིས་ཀྱིས་སྣེ་ཁྲིད་པའི་དབུལ་སྐྱོར་ཚོགས་པ་ཆོས་རྗེ་ཞང་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བར་སོང་ནས་གནད་ཁེལ་དབུལ་སྐྱོར་གྱི་འོས་འགན་ལེགས་འགྲུབ་བྱས་པ་ཡིན་ལ།ཁྱད་པར་དུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་སློབ་སྦྱོང་བྱས་པས་རང་གི་དབུལ་ཕོངས་སེལ་བའི་ཐད་ལ་བརྩོན་ལེན་བྱེད་དགོས་པའི་བག་ཆགས་ཟབ་མོ་ཞིག་བ་ཝོ་སྡེ་བ་དང་མཆོད་རྟེན་སྡེ་བའི་མང་ཚོགས་ཀྱི་སེམས་སུ་རྡོ་བརྐོས་རི་མོ་བཞིན་གསལ་ལྷང་ངེར་བཀོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...