སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་ཁུལ་ཡོངས་ཀྱི་ཆོས་ལུགས་པའི་སྡེར་བླང་བྱ་བཏོན་པ།
རྩོམ་པ་པོ། ཀྲང་ཝུན་ཁུའེ། རྩོམ་སྒྲིག་པ། Michung དུས་ཚོད། 2016-11-17 9:58:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
༄༅། །མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་
ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པོ་ཡོང་བར་སྐུལ་འདེད་ཁྲོད་
ནུས་པ་འདོན་སྤེལ་དང་མིག་དཔེ་སྟོན་དགོས་པའི་བླང་བྱ་བཏོན་པ།
     སྤྱི་ཟླ11པའི་ཚེས14ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པོ་ཡོང་བར་སྐུལ་འདེད་ཁྲོད་ནུས་པ་འདོན་སྤེལ་དང་མིག་དཔེ་སྟོན་དགོས་པའི་བླང་བྱ་བཏོན་པ་རེད།
     དང་པོ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་སྐུལ་འདེད་ཁྲོད་མིག་དཔེ་སྟོན་པ། འཕེལ་རྒྱས་ནི་ང་ཚོས་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་གཏོར་བྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་ལ། ང་ཚོ་མི་རིགས་ཁག་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་རྩ་བའང་ཡིན། མིག་སྔར། རང་ཁུལ་གྱི་ཡར་རྒྱས་གོང་འཕེལ་གྱི་གེགས་སུ་གྱུར་བའི་གནད་འགག་གཙོ་བོ་ལ། གཅིག་ནི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་བའི་ལས་འགན་དཀའ་ཚེགས་ཆེ་ལ་ཁ་ཚ་དགོས་གཏུག་ཏུ་གྱུར་པས། ཆོས་ལུགས་ལས་རིགས་མི་སྣས་རོང་འབྲོག་མང་ཚོགས་རྣམས་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འཕོ་འགྱུར་འབྱུང་བའི་ལག་ལེན་དངོས་ལ་ཧུར་ཐག་གིས་ཞུགས་ཏེ། བསམ་བློ་བཅིངས་འགྲོལ་དང་ལྟ་བར་འགྱུར་ལྡོག ཚན་རིག་ལ་བརྩི་མཐོང་། གསར་གཏོད་ལ་གཙིགས་མཐོང་བྱས་ནས། ཁྱིམ་དར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་གཏོད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས། གཉིས་ནི་མི་རིགས་སློབ་གསོའི་རྣམ་པ་གསར་པའི་འཕེལ་རྒྱས་ཀྱི་གནས་བབ་དེ་དཀའ་ཚེགས་ཆེ་ལ་ཁ་ཚ་དགོས་གཏུག་ཏུ་གྱུར་པས། ཆོས་ལུགས་ལས་རིགས་མི་སྣས་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་སློབ་གསོའི་བཀོད་སྒྲིག་ལེགས་བཅོས་དང་། “སྐད་གཉིས”སློབ་གསོའི་རིགས་སྒྱུར་སྤུས་ཚད་མཐོར་འདེགས། སློབ་གསོའི་དབུལ་སྐྱོར་གྱི་མུ་རྒྱུན་གཅོད་པའི“ལས་གཞི་ཆེན་པོ་གསུམ” ལག་བསྟར་གཏིང་ཟབ་གཏོང་བར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་དགོས། ལྷག་པར་ཏུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབོད་སྐུལ་ཧུར་ཐག་གིས་དང་དུ་བླངས་ཏེ། མི་རིགས་སློབ་གྲྭའི་སློབ་མ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་བཟང་པོ་བྱེད་པར་རྒྱབ་སྐྱོར་བྱེད་པའི་དུས་མཚུངས་སུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སྦྱོང་བའི་སློབ་གསོ་དང་ཁྱབ་གདལ་བེད་སྤྱོད་ལ་སྔར་བས་མཐོང་ཆེན་དང་ཤུགས་རྒྱག་པ། ན་གཞོན་རྣམས་ནང་སའི་དར་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་བྱེད་པར་ཧུར་ཐག་གིས་སྐུལ་སློང་དང་སྣེ་ཁྲིད་དེ། སྔོན་ཐོན་གྱི་བསམ་བློའི་ལྟ་བ་དང་རིག་གནས་ཤེས་བྱ་དང་ལེན་དང་། ཁོ་ཚོ་ཕྱི་ལ་སྐྱོད་དེ་ལས་ཀ་དང་ལས་གཏོད་ཀྱི་འཇོན་ནུས་ཤུགས་ཆེར་བཏང་ནས། འཕེལ་རྒྱས་ཀྱི་བར་མཐོངས་སྔར་ལས་ཡངས་པ་ཞིག་གཏོད་པར་འབད་བརྩོན་བྱེད་དགོས།
     གཉིས་པ། ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་སྐུལ་འདེད་ཁྲོད་མིག་དཔེ་སྟོན་པ། མཚོ་ལྷོ་ཁུལ་ཉིད་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཏུ་གནས་པས། སྐྱེ་ཁམས་ཉེན་མེད་འགོག་སྲུང་གི་བྱེད་ནུས་གལ་ཆེན་ཕྲག་ཏུ་འཁུར་ཡོད་པ་དང་། འཚོ་གནས་བྱེད་སའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འདིར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོས་ཐུན་མོང་གི་ཕྲག་ཏུ་བབས་པའི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་ཀྱང་འགན་འཁྲི་གལ་ཆེན་འདི་ནན་ཏན་གྱིས་ཕྲག་ཏུ་འཁུར་དགོས་པ་དང་། སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོང་ཁྲོད་དགེ་ཕྱོགས་ཀྱི་ནུས་པ་འདོན་པར་ཤུགས་རྒྱག་པ། ལྷག་པར་ཏུ་དགོན་སྡེ་འཛུགས་སྐྲུན་ནས་མགོ་བརྩམ་སྟེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུར་སྣེ་ཁྲིད་དང་། ཚན་རིག་ལ་བརྟེན་ནས་ཕྱུགས་གསོ་བ་དང་ཚན་རིག་དང་མཐུན་པར་ཞིང་འདེབས་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། རོང་འབྲོག་ཁུལ་གྱི་མང་ཚོགས་གྲོང་ཁྱེར་དུ་གཞིས་ཆགས་པར་སློབ་གསོས་ཁྲིད་སྟོན་བྱེད་པ། འབྱུང་འཕྲོད་བདེ་ཐང་ལྡན་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས།
     གསུམ་པ། དམངས་འཚོ་ལེགས་བཅོས་དང་གནད་འཁེལ་དབུལ་སྐྱོར་སྐུལ་འདེད་ཁྲོད་མིག་དཔེ་སྟོན་པ། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་དད་ལྡན་མང་ཚོགས་ལ་སྔར་ལས་ལྷག་པར་སྙིང་སྟོབས་ཆེར་བསྐྱེད་དང་ལྟ་བར་འགྱུར་ལྡོག བློ་བརྟན་འགྱུར་བ་མེད་པར་སྐུལ་སློང་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་གནད་འཁེལ་དབུལ་སྐྱོར་ལ་རང་འགུལ་གྱིས་ཧུར་ཐག་གིས་ཞུགས་ནས། ཏང་དང་སྲིད་གཞུང་གི་དབུ་ཁྲིད་འོག་དུས་བཅད་ལྟར་དབུལ་ཕོངས་ལས་སྒྲོལ་བའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་བསམ་བློ་གང་གཏོང་དང་བསམ་འཆར་དང་གྲོས་འཆར་གང་ཡོད་དུས་ཐོག་ཏུ་ཏང་ཨུ་དང་སྲིད་གཞུང་ལ་ཇི་མ་ཇི་བཞིན་དུ་སྙན་སེང་ཞུ་བ། ལྷག་པར་ཏུ་སློབ་གསོའི་དབུལ་སྐྱོར་ལག་བསྟར་གོ་རིམ་ཁྲོད་རང་ངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ལོ་ཆུང་བྱིས་པ་རྣམས་ཕྱི་ལ་སྐྱོད་པའི་སློབ་སྦྱོང་ལས་ཞུགས་ལ་སྐུལ་སློང་བྱས་ནས། ལས་གཏོད་ལས་ཞུགས་ཀྱི་ཐབས་ལམ་སྔར་བས་ཡངས་པོར་ཕྱེས་ཏེ། མི་རབས་ནས་མི་རབས་བར་དབུལ་བོར་གྱུར་བའི་མུ་རྒྱུན་འགོག་པར་འབད་བརྩོན་བྱེད་དགོས།
     བཞི་བ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ལམ་ལྷོངས་སྐུལ་འདེད་ཁྲོད་མིག་དཔེ་སྟོན་པ། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་ཀྲུང་ཧྭ་མི་རིགས་ཀྱི“མཐུན་པོ་བྱུང་ན་ཀུན་གྱི་མཆོག”ཅེས་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་དང་། ཕན་ཚུན་ལ་སློབ་སྦྱོང་བྱེད་རེས་དང་ཕན་ཚུན་ལ་བློ་ཁོག་ཡངས་པ། ཕན་ཚུན་ལ་བརྩི་བཀུར་བྱས་ཏེ། མཐུན་སྒྲིལ་ལ་གནོད་པའི་གཏམ་མི་སྨྲ་ཞིང་། བདེ་འཇགས་ལ་གནོད་པའི་དོན་དག་མཐའ་གཅིག་ཏུ་མི་བསྒྲུབ་པར། མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་དང་ཆོས་ལུགས་ཁག་ཞི་མཐུན་ལམ་ལྷོངས་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། དགེ་འདུན་གྱི་སྡེར་དོ་དམ་ལེགས་པོ་བྱེད་པ་དང་། དགེ་བསྐོས་དང་དགེ་བཤེས། ལྷག་པར་ཏུ་ན་གཞོན་ཚོའི་སློབ་གསོའི་དོ་དམ་ལ་ཤུགས་རྒྱག་པ། ཆོས་ལུགས་ལས་རིགས་མི་སྣས་འདུལ་ཁྲིམས་བརྩི་སྲུང་དང་བསླབ་པ་དོན་གཉེར། རང་རྟོགས་ཀྱིས་དགོན་པའི་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པར་སློབ་གསོས་སྣེ་ཁྲིད་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་པོ་ཡོང་བར་མུ་མཐུད་ནས་སྐུལ་འདེད་གཏོང་དགོས།
     ལྔ་བ། ཏང་གཅེས་རྒྱལ་གཅེས་དང་དྲིན་ཚོར་ཡར་བརྩོན་སྐུལ་འདེད་ཁྲོད་མིག་དཔེ་སྟོན་པ། མཚོ་ལྷོ་ཁུལ་གྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ར་གྲུབ་འབྲས་གཡུར་དུ་ཟ་བ་ལེན་ཐུབ་པ་དང་། ལྷག་པར་ཏུ་མི་དམངས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་ཐོན་པ་ནི། རྩ་བའི་ཆ་ནས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ལ་བརྟེན་པ་ཡིན། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དག་གིས་སེམས་སུ་དྲིན་གཟོ་བཅིངས་ཏེ། དད་ལྡན་མང་ཚོགས་ཀྱི་བསམ་བློའི་སྣེ་ཁྲིད་ཀྱི་ལས་ཀ་ཧུར་ཐག་གིས་ཡག་པོ་བསྒྲུབ་པ་དང་། ཆོས་ལུགས་ཀྱི་དགོངས་པར་བསྟུན་མཁས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འགྲེལ་བརྗོད་བྱས་ཏེ། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཏང་དང་བློ་ཁ་གཅིག་མཐུན་ཡོང་བར་སྣེ་ཁྲིད་བྱེད་དགོས། ཁྲིམས་སྐྱོང་སྙིང་སྟོབས་ལ་བརྩི་མཐོང་དང་སྤྱི་ཚོགས་ཀྱི་སྲོལ་བཟང་སྒྲོག་སྤེལ་གྱི་དར་སྲོལ་བཟང་པོ་ཆགས་པར་ཤུགས་ཆེན་པོ་རྒྱག་པ། ཁ་ཕྲལ་སིམ་འཛུལ་གྱི་གཏོར་བརླག་བྱེད་སྒོ་དང་ཆོས་ལུགས་ཐལ་མཐའི་བསམ་བློ། ཚུལ་མིན་སྤྱོད་ངན་སྣ་ཚོགས་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱས་ཏེ། རང་སྐྱོང་ཁུལ་གྱི་འཕེལ་རྒྱས་དང་ཡར་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་པར་ཧུར་ཐག་གིས་འབད་བརྩོན་བྱེད་དགོས།

མ་ཡིག་གི་འབྲེལ་མཐུད། www.amdotibet.com/html/2016-11/17427.html

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...