སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་འགོ་བརྩམས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-7 9:31:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། ཀློག་གྲངས།

     སྤྱི་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས་པ་དང་། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། དེ་མིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོང་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།


ལིས་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།


ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་འགོ་འཛིན་མཛད།

     ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།
     རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་བརྒྱད་ཅུ་ཞུགས་དགོས་ལ། ཚེས5ཉིན་གྱི་སྔ་དྲོའི་གྲོས་ཚོགས་ལ་འཐུས་མི2970ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་འགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཁྲིན་ཞི་དང་ཝང་ཁྲིན། ཚོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཨེ་ལིས་ཀིན་དབྱི་མེན་པ་ཧེ། ཝན་ཨུ་ཞང་། ཁྲིན་ཀྲུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སུ་བཞུགས་ཡོད།
     ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། དེ་མིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོང་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།
     ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ལིས་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཚང་མ་ཡར་ལངས་ཏེ་སྐད་མཐོན་པོས་རྒྱལ་གླུ་བླངས།
     གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལ་སྡོམ་པས་ཁག་གསུམ་དུ་བགོས་ཡོད་དེ། གཅིག འདས་པའི་ལོ་ལྔའི་བྱ་བར་ཕྱིར་དྲན་བྱེད་པ་དང་། གཉིས། 2018ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་དང་སྲིད་ཇུས་ཁ་ཕྱོགས། གསུམ། 2018ལོའི་སྲིད་གཞུང་བྱ་བའི་གྲོས་གཞི་བཅས་རེད།
     རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་ལོ་ལྔ་ནི་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན། ལིས་ཁི་ཆང་གིས་ཕྱོགས་དགུ་ནས་འདས་པའི་ལོ་ལྔའི་བྱ་བར་ཁྱོན་ཡོངས་ནས་ཕྱིར་དྲན་བྱས། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱས་པ་དང་ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པ་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱས་པ་དང་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། སྒུལ་ནུས་གསར་བ་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་ནས་དཔལ་འབྱོར་སྒྲིག་གཞི་མྱུར་དུ་ལེགས་སྒྱུར་དང་རིམ་འཕར་བྱས། འཕེལ་རྒྱས་གསར་སྐྲུན་དང་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་ནས་ཁྱོན་ཡོངས་ཀྱི་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་བ་དང་ཕན་འབྲས་ཇེ་མཐོར་བཏང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་གྱི་མི་འདང་ས་བསལ་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཇེ་ཆེར་བཏང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་པ་དང་། མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱས་ནས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྣམ་པ་གསར་བའི་མཁར་གྲོང་འཐབ་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། དོ་སྙོམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕར་སྣོན་བྱེད་ས་གསར་བ་མྱུར་དུ་འཕེལ་རྒྱས་སུ་བཏང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་བཏང་། མི་དམངས་རང་བྱུང་འཆམ་མཐུན་དང་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་པ་དང་། ཁོར་ཡུག་བཙོག་བཟོ་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཁྲིམས་ལྟར་ཁྱོན་ཡོངས་ནས་སྲིད་གཞུང་འགན་ནུས་ལག་བསྟར་བྱས་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་སྲུང་འཛིན་བྱས་ཟེར།
     ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་ལྔར་ཕྱིར་དྲན་བྱས་ཚེ་འགལ་བ་གང་མང་གནས་ཡོད་པ་དང་ཉེན་ཁའི་འགྲན་རྩོད་སྣ་ཚོགས་བསྟུད་མར་འབྱུང་བཞིན་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་གང་མང་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ་འཕྲད་མ་མྱོང་བ་དང་རང་རྒྱལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཐོབ་སླ་མོ་ཞིག་མིན། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཐོབ་པའི་མཇུག་འབྲས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པར་ཁྲིད་སྟོན་བྱས་པའི་མཇུག་འབྲས་ཡིན་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཡང་ཡིན་ཟེར།
     ལིས་ཁི་ཆང་གིས་གསུངས་རྒྱུར། རང་རྒྱལ་ནི་སྔར་བཞིན་དང་ཡུན་རིང་ལ་ཐོག་མའི་དུས་སྐབས་སུ་གནས་ཡོད་པ་དང་གནས་ངེས་ཡིན་ལ། སྔར་བཞིན་དུ་འཛམ་གླིང་ཡོངས་སུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། འཕེལ་རྒྱས་དོ་མི་མཉམ་པའི་འབུར་ཐོན་གནད་དོན་ཁ་ཤས་ད་དུང་ཐག་བཅད་མེད་པ་ང་ཚོས་གསལ་བོར་མཐོང་དགོས། ང་ཚོས་ངེས་པར་དུ་རྒྱལ་ཁབ་དང་མི་དམངས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་བཅངས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་བྱ་བ་སྣ་ཚོགས་བསྒྲུབ་ནས་མི་དམངས་སྲིད་གཞུང་གིས་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཟེར།
     ལིས་ཁི་ཆང་གིས་སྙན་ཞུའི་ནང་དུ་ཉིས་སྟོང་བཅོ་བརྒྱད་ལོའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་བཏོན་ཡོད་དེ། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་དྲུག་གྲངས་ཆུང་ལྔ་ཡས་མས་འཕར་སྣོན་འབྱུང་བར་བྱེད་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གསུམ་ཡས་མས་འཕར་བར་བྱེད་པ། མཁར་གྲོང་གི་ལས་ཞུགས་པ་མི་བྱེ་བ་གཅིག་དང་ས་ཡ་གཅིག་གི་ཡན་གསར་སྣོན་བྱེད་པ་དང་མཁར་གྲོང་གི་ལས་ཀ་ཤོར་ཚད་བརྒྱ་ཆའི་ལྔ་གྲངས་ཆུང་ལྔའི་མན་དུ་ཚོད་འཛིན་བྱས་ཏེ་མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི་བཞི་གྲངས་ཆུང་ལྔའི་མན་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གྱི་ཚད་ཕལ་ཆེར་མཉམ་པར་བྱེད་པ། ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ནུས་ཁུངས་ཟད་གྲོན་གྱི་ཚད་བརྒྱ་ཆའི་གསུམ་གྱི་ཡན་དུ་ཇེ་དམའ་རུ་བཏང་ན་བཙོག་རྫས་གཙོ་བོ་ཕྱིར་འདོན་ཚད་མུ་མཐུད་ཇེ་དམའ་རུ་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་པ་དང་ཆེ་ཕྱོགས་ཚད་ཤིང་གི་གཞི་རྩའི་གཏན་འཇགས་སྲུང་འཛིན་བྱས་ཏེ།ཉེན་ཁ་སྣ་ཚོགས་ལ་གོ་རིམ་ལྡན་ཞིང་ནུས་ཡོད་སྒོས་སྔོན་འགོག་ཚོད་འཛིན་བྱེད་པ་བཅས་རེད།
     ལིས་ཁི་ཆང་གིས་གསུངས་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བ་བཟང་པོར་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་བསམ་བློ་ལག་བསྟར་ནན་མོ་བྱེད་པ་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། གཏན་འཇགས་དང་འཕེལ་རྒྱས་དེ་གཞི་གཅིག་ཏུ་བཟུང་ནས་དམ་འཛིན་བྱེད་དགོས་ལ། གཤམ་གྱི་དོན་དག་འགའ་ལ་གཙིགས་འཛིན་བྱེད་དགོས་ཏེ། གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་དགོས། གཉིས་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས། གསུམ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་དམ་འཛིན་བཟང་པོ་བྱེད་དགོས།
     ལིས་ཁི་ཆང་གིས་གསུངས་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོར་བྱ་བ་དགུ་ཏན་ཏིག་གིས་བཟང་པོར་སྒྲུབ་དགོས་ཏེ།གཅིག་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། གཉིས་ནི་གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། གསུམ་ནི་རྨང་གཞི་རང་བཞིན་གྱི་གནད་འགག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། བཞི་ནི་མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་པོ་གསུམ་མཐའ་གཅིག་ཏུ་བཟང་པོར་སྤེལ་དགོས། ལྔ་ནི་ཞང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་དགོས། དྲུག་ནི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཏན་ཏིག་གིས་སྤེལ་དགོས། བདུན་ནི་འཛད་སྤྱོད་ཧུར་ཐག་གིས་རྒྱ་ཆེ་རུ་བསྐྱེད་པ་དང་ནུས་ལྡན་དངུལ་གཏོང་ལ་ཡར་སྐུལ་གཏོང་དགོས། བརྒྱད་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་བྱེད་པའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས། དགུ་ནི་དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།
     ལིས་ཁི་ཆང་གིས་ད་དུང་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མིའི་བྱ་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། ད་དུང་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་རྒྱས་བཤད་མཛད།
     ལིས་ཁི་ཆང་གིས་མཇུག་མཐར་གསུངས་རྒྱུར། མཐུན་སྒྲིལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། དངོས་སྒྲུབ་ཀྱིས་མ་འོངས་གསར་གཏོད་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། བློ་བརྟན་ཡར་བརྩོན་དང་བྱ་བ་ནན་སྒྲུབ་ཀྱིས་དཔལ་འབྱོར་སྤྱི་ཚོགས་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས་ཟེར།
     གྲོས་ཚོགས་ཀྱི་གྲོས་རིམ་ལྟར་དུ། ཚོགས་ཆེན་སྟེང2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟན་སྐོར་གྱི་སྙན་ཞུ་དང2018ལོའི་འཆར་གཞིའི་འཆར་ཟིན། 2017ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས།
     གྲོས་ཚོགས་སྟེང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཁྲིན་གྱིས་ཕུལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན།
     ཝང་ཁྲིན་གྱིས་བསྟན་དོན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པ་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཁྲིམས་ཡིན་ལ། ཏང་དང་མི་དམངས་ཀྱི་འདོད་བློའི་གཅིག་བསྡུས་མཚོན་བྱེད་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་ཐེངས་མང་པོར་ནན་གྱིས་བསྟན་མྱོང་། རྩ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཇུས་ཆོད་གལ་ཆེན་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཡིན།
     ཝང་ཁྲིན་གྱིས་བཤད་རྒྱུར། རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ལ། དོན་དངོས་དང་མཐུན་ཞིང་། དུས་རབས་ཀྱི་འཕེལ་རྒྱས་བླང་བྱ་དང་མཐུན་པའི་རྩ་ཁྲིམས་བཟང་པོ་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་གཞི་རྩའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས་ཡོད་པས། ངེས་པར་དུ་དེར་མཐའ་གཅིག་ཏུ་སྲུང་སྐྱོབ་དང་དེ་ཡུན་རིང་པོར་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱེད་དགོས། རྩ་ཁྲིམས་ཀྱིས་རྒྱུན་ཆད་མེད་པར་གནས་བབ་གསར་པར་བསྟུན་པ་དང་། ཉམས་མྱོང་གསར་པ་བསྡུ་ལེན་བྱེད་པ། གྲུབ་འབྲས་གསར་པ་ཁས་ལེན་པ། ཚད་གཞི་གསར་པ་གཏན་ཁེལ་བྱེད་པ་བཅས་བྱས་ན། ད་གཟོད་ཚེ་སྲོག་གི་ཤུགས་རྒྱུན་བསྲིང་ཐུབ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གནས་བབ་གསར་པ་དང་ལག་ལེན་གསར་པ་ལྟར་ན། སྤྱིའི་ཆ་ནས་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་སྲིང་རང་བཞིན་དང་གཏན་འཇགས་རང་བཞིན། དབང་ཟིལ་རང་བཞིན་བཅས་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་། རང་རྒྱལ་གྱི་རྩ་ཁྲིམས་ལ་འོས་འཚམ་གྱིས་བཟོ་བཅོས་བྱེད་དགོས་ཡོད།
     ཝང་ཁྲིན་གྱིས་བསྟན་དོན། རྩ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་ཁྱོན་ཡོངས་ལ་འབྲེལ་བའི་ཆབ་སྲིད་ཀྱི་བྱ་འགུལ་གལ་ཆེན་དང་ཁྲིམས་འཛུགས་ཀྱི་བྱ་འགུལ་གལ་ཆེན་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ་བཟོ་བཅོས་བྱེད་དགོས། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཐེངས་འདིའི་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གྱིས་གཅིག་གྱུར་བྱེད་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་དུ་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མཚོན་པར་བྱས་ནས། སྤྱིའི་ཆ་ནས་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན། དབང་ཟིལ་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་རྩ་ཁྲིམས་བབ་བསྟུན་མདུན་སྐྱོད་ཡོང་བ་དང་འཐུས་ཚང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྩ་ཁྲིམས་ཀྱི་འགན་སྲུང་སྟོབས་ཅན་འདོན་སྤྲོད་བྱེད་རྒྱུ་དེ་ཡིན།
     ཝང་ཁྲིན་གྱིས་བཤད་རྒྱུར། གོང་གི་སྤྱིའི་བླང་བྱ་དེ་ལག་བསྟར་དང་མངོན་མཚོན་བྱེད་ཆེད། ཐེངས་འདིའི་རྩ་ཁྲིམས་བཟོ་བཅོས་བྱེད་པར་གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱས་ཡོད་དེ། གཅིག་ནི་ཏང་གི་རྩ་ཁྲིམས་བཟོ་བཅོས་བྱེད་པར་འགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཡོད། གཉིས་ནི་བཅའ་ཁྲིམས་དང་གོ་རིམ་ལྟར་གཟབ་ནན་གྱིས་རྩ་ཁྲིམས་ལ་བཟོ་བཅོས་བྱས་ཡོད། གསུམ་ནི་དམངས་གཙོ་དར་སྤེལ་གང་ལེགས་དང་ལྟ་ཚུལ་རྒྱ་ཆེར་གཅིག་སྡུད་བྱས་ཡོད། བཞི་ནི་རྩ་ཁྲིམས་ཀྱི་ནང་དོན་ཁག་ཅིག་ལ་བཟོ་བཅོས་བྱེད་པ་དང་བཟོ་བཅོས་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་ཟེར།
     ཀྲུང་དབྱང་གི་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་གྲོས་གཞི་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཡིག་གྲུབ་ཚུལ་གྱི་བརྒྱུད་རིམ་གསལ་བཤད་བྱས་རྗེས། ཝང་ཁྲིན་གྱིས་ཕྱོགས་བཅུ་གཅིག་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ནང་དོན་ཞིབ་མོར་བཤད་པ་སྟེ། ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མཛུབ་སྟོན་གོ་གནས་གཏན་ཁེལ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ནང་དོན་ལེགས་སྒྲིག་ཕུན་ཚོགས་སུ་བཏང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལག་བསྟར་གྱི་བྱེད་ཐབས་འཐུས་ཚང་དུ་བཏང་བ། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་འཕེལ་རྒྱས་བརྒྱུད་རིམ་གྱི་ནང་དོན་ཕུན་ཚོགས་འཐུས་ཚང་དུ་བཏང་བ། རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་དང་མི་རིགས་འབྲེལ་བའི་ནང་དོན་ཕུན་ཚོགས་འཐུས་ཚང་དུ་བཏང་བ། ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་ནང་དོན་ཕུན་ཚོགས་སུ་བཏང་བ། ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་བྱེད་པའི་ནང་དོན་ཕུན་ཚོགས་སུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱེད་པའི་ནང་དོན་ཇེ་རྒྱས་སུ་བཏང་བ། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་ཕྱོགས་ཀྱི་འབྲེལ་ཡོད་གཏན་ཁེལ་ལ་བཟོ་བཅོས་བྱས་པ། ས་ཁུལ་བཙུགས་ཡོད་པའི་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་ཁེལ་བྱེད་པའི་ཆོད་དོན་ཁ་སྣོན་བྱས་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་འབྲེལ་བའི་ཆོད་དོན་སོ་སོ་ཁ་སྣོན་བྱས་པ་བཅས་རེད།
     ཏེན་ཞེའོ་ཞང་དང་མཱ་ཁའེ། ལིའུ་ཧི། ལིའུ་ཡན་ཏུང་། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཅན་གོ། ལིས་ཧུང་ཀྲུང་། ལིས་ཡོན་ཁྲའོ། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧྥན་ཁྲང་ལུང་། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཁི། ཝང་ཆི་ཧྲན། ཡུག་ཆོན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
     ཞང་ཀང་དམིགས་བསལ་སྲིད་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨིག་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
     རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།
     ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་པ་ཟུར་ཞུགས་བྱས་པ་དང་ཡང་ན་ཚོགས་ཆེན་ལ་ཟུར་ཉན་བྱས།
     ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་ཚོགས་ཆེན་ལ་ཟུར་ཉན་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...