སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་དམངས་འཐུས་གྲོས་ཚོགས་ཐེངས་ལྔ་བའི་མགོ་བརྩམས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-24 17:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་དམངས་འཐུས་གྲོས་ཚོགས་ཐེངས་ལྔ་བའི་མགོ་བརྩམས།
     སྤྱི་ཟླ2པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་གྲོས་ཚོགས་སུ་འབྱོར་འོས་པའི་འཐུས་མི250དང་། དངོས་སུ་འབྱོར་བའི་འཐུས་མི222ཡོད་ལ། གྲོས་ཚོགས་སུ་ཞུགས་པའི་འཐུས་མིའི་མི་གྲངས་དེ་ཁྲིམས་འབེབས་ཀྱི་དགོངས་དོན་དང་མཐུན།
     མཛད་སྒོའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁོས་དང་། ཝང་ཅན་མིན། ཀླུ་འབུམ་རྒྱལ། གསེར་མཚོ། ལིན་ཆིང་ཅི། དབྱང་ཀྲའོ་ཆིང་། ཚེ་རིང་ཐར། ལི་ཅན་ཆི། ལི་སུང་སིན་བཅས་ཀྲུའུ་ཞིའི་མདུན་གྲལ་དུ་བཞུགས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་མིན་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་མིན་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད།
     གྲོས་ཚོགས་ཀྱི་གྲོས་རིམ་བཞི་ཡོད་དེ། གཅིག་ནི་ཡིག་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་དོན་གལ་ཆེན་དང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས། གཉིས་ནི་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཕུལ་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ། གསུམ་ནི་མཚོ་ལྷོ་ཁུལ2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ལག་བསྟར་གནས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་མ་ཟིན་གྱི་སྙན་ཞུ་ཞིབ་བཤེར་གནང་བ། བཞི་ནི་མཚོ་ལྷོ་ཁུལ2018ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2019ལོའི་སྔོན་རྩིས་མ་ཟིན་གྱི་སྙན་ཞུ་ཞིབ་བཤེར་གནང་བ།
     གྲོས་ཚོགས་སུ་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ《སྲིད་གཞུང་གི་བྱ་བའི་སྙན་ཞུ》ཕུལ་ཞིང་། སྲིད་གཞུང་གི་བྱ་བའི་སྙན་ཞུར་ཁག་གཉིས་འདུས་ཏེ། 2018ལོའི་བྱ་བར་ཕྱིར་དྲན་དང་། 2019ལོའི་བྱ་བའི་སྤྱི་ཁོག་བཀོད་སྒྲིག་དང་ལས་འགན་བྱེད་ཐབས་ཡིན།

ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་འབུལ་བཞིན་པ།
     ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས2018ལོའི་བྱ་བར་ཕྱིར་དྲན་བྱེད་དུས་གསུང་རྒྱུར། འདས་པའི་ལོ་ངོ་གཅིག་གི་ནང་། རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་དང་། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་བཅོས་བསྒྱུར་གོང་སྤེལ་གྱི་ལས་འགན་ལ་གདོང་གཏོད་པར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་རྒྱུན་འཁྱོངས་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་ལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་པོ་བཟོས། ཐབས་མང་མཉམ་སྤྱོད་ཀྱིས་སྒྲིག་གཞི་ལེགས་སྒྲིག་བཏང་ཞིང་། གཙོ་གནད་དམིགས་འཛིན་གྱིས་བཅོས་བསྒྱུར་དམ་པོར་བཟུང་། ཤུགས་བསྡུས་འགག་སྒྲོལ་གྱིས་དམངས་འཚོར་ཕན་འདོགས་བཅས་བྱས་ཏེ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་ཅུང་ལེགས་པའི་སྒོ་ནས་གྲུབ་པར་བྱས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་མགྱོགས་ཕྱོགས་དང་བརྟན་ཐོག་ཡར་འཕེལ་ལ་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་བཅས་ཀྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཀྱི་དམིགས་འབེན་ལ་ཁ་ཕྱོགས་ནས་མུ་མཐུད་དུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས།
     ལོ་གཅིག་གི་རིང་ལ། ང་ཚོས་གཙོ་བོ་གཤམ་གསལ་གྱི་ཕྱོགས་བརྒྱད་པོའི་ཐད་ནས་བྱ་བ་བསྒྲུབས་པ་ཡིན།
     (གཅིག) འཕེལ་རྒྱས་མགྱོགས་སུ་གཏོང་བ་ལས་འགན་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། གོ་སྐབས་དམ་འཛིན་དང་མ་བསྐུལ་དང་ལེན་གྱིས་དཔལ་འབྱོར་ཕྱོགས་བསྡུས་དངོས་ཤུགས་ལ་གོང་འཕེལ་གསར་པ་བྱུང་།
    (གཉིས།) གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་རྒྱུན་འཁྱོངས་བྱས་ཏེ། གང་མགྱོགས་རིགས་སྒྱུར་དང་ཕན་འབྲས་སྐུལ་སྤེལ་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ལ་མཐོར་འདེགས་གསར་པ་བྱུང་།
     (གསུམ།) རྣམ་གྲངས་ལ་མ་རྩ་འཇོག་པ་གལ་ཆེན་ནང་གི་དོན་ཆེན་དུ་རྩི་བ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞི་ཇེ་བརྟན་དང་ཞན་ཆ་ཁ་གསབ་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མགྱོགས་མྱུར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ།
     (བཞི།) སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ཕུགས་རྒྱང་རིང་བའི་འཆར་འགོད་དུ་རྒྱུན་འཁྱོངས་བྱས་ཏེ། ལས་གཞིའི་སྣེ་ཁྲིད་དང་བཅོས་སྐྱོང་ཤུགས་ཆེ་རུ་བཏང་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་བཅས་དུས་རིམ་གསར་པར་བསླེབས་ཡོད།
     (ལྔ།) དཀའ་ངལ་ཁྱད་བསད་བྱེད་པ་གནད་འགག་གི་བྱེད་ཐབས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གནད་འཕིགས་ཤུགས་འདོན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཕན་འབྲས་མངོན་གསལ་ཐོབ།
     (དྲུག) བཅོས་བསྒྱུར་གསར་གཏོད་སྒུལ་ཤུགས་ཆེན་པོར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་།  བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཐོག འཕེལ་རྒྱས་ཀྱི་འགུལ་ནུས་བརྗེ་སྒྱུར་བྱེད་པར་གསོན་ཤུགས་གསར་པ་བསྩལ།
    (བདུན།) དམངས་འཚོ་ལེགས་བཅོས་རྩ་བའི་དམིགས་ཡུལ་དུ་འཛིན་པ་རྒྱུན་འཁྱོངས་ཀྱིས་དྲ་མཐིལ་བརྟན་པོ་བཟོ་བ་དང་ནུས་པ་མཐོར་འདེགས་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་མཚོན་གྲངས་ལ་མཐོར་འདེགས་གསར་པ་བྱུང་།
    (བརྒྱད།) སྤྱོད་ཚུལ་འཛུགས་སྐྱོང་སྲ་ཞིང་བརྟན་པའི་འགན་སྲུང་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྙིང་རུས་ལྷོད་མེད་དང་དམ་འཛིན་མཐའ་འཁྱོལ་གྱིས་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཡར་རྒྱས་གསར་པ་བྱུང་།
     ལོ་ངོ40རིང་གི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱས་ན། སྐབས་རེ་རེའི་ཏང་ཨུ་དང་སྲིད་གཞུང་གིས་མཐུན་སྒྲིལ་སྒོས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཡོང་བ་ཡིན་པར་མ་ཟད། དཀའ་ཚེགས་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཞིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་བསྟུད་མར་འཕེལ་རྒྱས་སུ་ཕྱིན་པ་དང་། རང་སྐྱོང་ཁུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་། བཅོས་བསྒྱུར་གྱི་དུས་འགོ་དང་བསྡུར་ན། ས་གནས་ཐོན་སྐྱེད་སྤྱིའི་རིན་གྲངས་ལྡབ 147འཕར་ཡོད་པ་དང་། མིའི་ཆ་སྙོམས་ཀྱི་ཐོན་སྐྱེད་སྤྱིའི་རིན་གྲངས་སྒོར33346ལ་བསླེབས་ཡོད། གྲོང་རྡལ་ཅན་གྱི་ཚད་བརྒྱ་ཆའི་གནས24ལ་འཕར་ཡོད་ཅིང་། ས་གནས་་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་ལྡབ86འཕར་ཡོད། གྲོང་རྡལ་དང་ཞིང་སྡེའི་གཏན་སྡོད་གཞིས་དམངས་ཀྱི་བཀོལ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ160དང་ལྡབ84རུ་འཕར་ཡོད།
     2019ལོའི་བྱ་བར་བཀོད་སྒྲིག་བྱེད་དུས། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ།  ཁུལ་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱ་རྒྱུ་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་ནན་མོ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་གསར་སྐྲུན་སྤུས་འདེགས་ཀྱི་བྱ་བའི་སྤྱི་ཡོངས་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་འཁྱོངས་བྱ་དགོས་ལ། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གནད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཚོང་ར་ཅན་གྱི་བཅོས་བསྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོན་པོའི་སྒོ་འབྱེད་རྒྱ་བསྐྱེད་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ལ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་ཀྱིས་དུས་རིམ་ཅན་གྱི་གྲུབ་འབྲས་ལེན་དགོས་པ་དང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་བཅོས་སྐྱོང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་བཅས་ལ་སྐུལ་འདེད་སྔར་བས་གཏིང་ཟབ་དུ་གཏོང་དགོས་ལ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། ཕུན་སུམ་ཚོགས་པའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་བརྙེས་ནས་ལོ་འཁོར70ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་དགོས།
     ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲོས་གཞི་བཏོན་པའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་གནས་ཐོན་སྐྱེད་རིན་གྲངས7%ཡན་ལ་འཕར་སྣོན་བྱེད་པ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག9%འཕར་སྣོན་བྱེད་པ། ས་གནས་ཀྱི་སྤྱི་སྤྱོད་ནོར་སྲིད་སྔོན་རྩིས་ཡོང་སྒོ7%འཕར་སྣོན་བྱེད་པ།སྤྱི་ཚོགས་འཛད་སྤྱོད་སིལ་རྫས་ཕྱི་འཚོང་དངུལ་གྲངས8%འཕར་སྣོན་དང་། ལྗོངས་རྒྱུ་སྤྱིའི་ཡོང་སྒོ20%འཕར་སྣོན་བྱེད་པ། སྡོད་དམངས་ཡོངས་ཀྱིས་བཀོལ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ8% འཕར་སྣོན།  གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་པ་མི2000གསར་སྣོན་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ཚད3.5%ནང་ཚོད་འཛིན་བྱ་རྒྱུ་ཡིན་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་མི་ཐེངས་ཁྲི4.5དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ནང་ཚོད་འཛིན་བྱ་རྒྱུ། ནུས་སྲི་འཕྲི་གཏོང་ཞིང་ཆེན་གྱི་གཏན་འབེབས་ནང་ཚོད་འཛིན་བྱ་རྒྱུ་དང་། དངོས་ཡོད་བྱ་བའི་ཁྲོད་སྔར་བས་ལྷག་པའི་གྲུབ་འབྲས་བཅས་བརྩོན་ལེན་བྱེད་པའོ།།
     ཀྲུའུ་ཞིའི་མདུན་གྲལ་དུ་བཞུགས་པའི་འགོོ་ཁྲིད་གཞན་ཡང་བསོད་ནམས་དོན་གྲུབ་དང་། ལི་བརྒྱད་ཅུ། ལི་ཐིང་ཞང་། ཀུན་བཟང་། ཁྲེང་ཧོང་ལིན། མཱ་ཅན་ཧོང་། དབྱང་ཧའེ་ལུང་། ལི་ཆིང་མིང་། ལི་ཞའོ་ལིན། ལི་ལིན་ཐུའོ། ཝང་ཕིང་། ཧྲི་ཅིན་ཡིའུ། ཀྲང་ཧྲིང་པུའོ། ཝང་ཡུང་ཝུའུ། ཚེ་རིང་སོགས་ཡོད།
     ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་མི་དམངས་ཚོགས་པ། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཨུ་ཡོན་ཡོངས།  ཞིང་ཆེན་གྱིས་དོ་དམ་བྱེད་པའི་སྡེ་ཁག་གི་འགན་ཁུར་བ། ཞིང་ཆེན་གྱི་དམངས་ཆེན་འཐུས་མི་འགའ། དམངས་གཉེར་ཁེ་ལས་འགའི་འགན་ཁུར་བ་སོགས་བསྡོམས་པས་གྲོས་ཚོགས་སུ་ཟུར་ཞུགས་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...