སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་བསྡུས།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-2 15:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
ཐེངས༦༧པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་སློབ་རའི་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་བསྡུས།
             ཉི་མ་གཞོན་ནུའི་འཛུམ་ཟེར་གྱི་འོག་ཏུ་དཀར་དམར་མེ་ཏོག་གི་བཀྲག་མདངས་ཁྲ་ཆིལ་ལེར་དགོད་ཅིང་བྱིས་པ་རེ་རེའི་འཛུམ་བག་གི་ཉམས་འགྱུར་ཀློང་ནས་དུས་ཆེན་ཞིག་གི་སྒོ་གླེགས་དལ་གྱིས་རྡུང་བྱུང་། སྤྱི་ཟླ༥བའི་ཚེས༢༧ཉིན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཐེངས༦༧པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་སློབ་རའི་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་གཉིས་དུས་གཅིག་ཏུ་སློབ་རའི་ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་བསྡུས།
         ཚེས༢༧ཉིན་གྱི་སྔ་དྲོར་སློབ་མ་ཚོའི་འབུད་རྡུང་དཀྲོལ་གསུམ་གྱི་སྙན་འགྱུར་དབྱངས་འགྲོས་དང་དཀར་སེར་དམར་ལྗང་གི་དར་ཚོན་སྣ་ལྔ། གྲལ་འགྲིག་རུ་དཔུང་གི་མདུན་སྐྱོད་གླུ་སྒྲ། དབུགས་ལྒང་སྣ་ཚོགས་ཀྱི་གཡུགས་ལྡེམ་ཀློང་ནས་དུས་ཆེན་གྱི་ཡོལ་རས་ཕྱེས་ཤིང་། ཐོག་མར་སློབ་གཙོ་མཆོག་རིས་ཀྱིས་འཛམ་གླིང་བྱིས་པ་ཡོངས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་ཁ་གཡང་སྒྲོག་པ་དང་ལྷན་དུ་སློབ་ཆུང་སློབ་མ་ཉིས་བརྒྱ་ལྷག་ན་ཆུང་གདོང་ལེན་རུ་མིའི་ནང་དུ་ཞུགས་པའི་བྱེད་སྒོ་སྤེལ། གདོང་ལེན་རུ་མིར་ཞུགས་པའི་འགྲོ་རིམ་མཇུག་རྫོགས་རྗེས་སློབ་གྲྭའི་དགེ་སློབ་ཀུན་གྱིས་དུས་ཡུན་རིང་པོར་སྦྱོང་བརྡར་བྱས་ཏེ་སྒྲིག་སྦྱོར་མཛད་པའི་ངོམ་རི་བའི་རྣམ་པ་ཆེས་ཆེ་བའི་གླུ་གར་གཞས་གསུམ་གྱི་ལྟད་མོ་སྣ་ཚོགས་པ་དེར་འདུས་རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ་དང་དགེ་སློབ་ཀུན་གྱི་སྤྱན་ལམ་དུ་བསྟར། མི་གྲངས་ཀྱི་ཞུགས་ཚད་ཆེས་མང་པའི་འཁྲབ་སྟོན་པ་སོ་སོས་ལུས་ལ་འཕྱོར་སྒེག་གྱི་ལྭ་བས་བརྒྱན་ཞིང་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་བཏེགས་ཏེ་དྲུག་གཅིག་དུས་ཆེན་དང་ལུས་རྩལ་འགྲན་ཚོགས་ཀྱི་ངོ་བོ་མཚོན་པའི་རི་མོ་སྣ་ཚོགས་ཀྱི་གཟུགས་རིས་བཟོས་པ་ན་དེར་འདུས་ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག་པས་དགའ་བསུའི་ཐལ་མོ་ལྷང་ལྷང་དུ་སྒྲོག་པ་དང་ཁ་པར་གྱི་པར་མིག་ཐམས་ཅད་ལྟད་མོའི་སྒྲ་བརྙན་གྱི་མཛེས་སྡུག་གསོག་འཇོག་ལ་བྲེལ། ནང་དོན་ལྡན་ལ་རྣམ་པ་སྣ་ཚོགས་ཤིང་འཁྲུག་ཆ་དོད་པའི་ལེ་ཚན་རེ་རེའི་ཁྲོད་དུ་ན་ཆུང་བྱིས་པ་ཚོའི་ལྷན་སྐྱེས་ཀྱི་ཡོན་ཏན་དང་དགེ་སློབ་ཟུང་འབྲེལ་གྱི་འབྲས་བུ་མངོན་ཞིང་། ལྷག་པར་དུ་ཟབ་ཞུགས་ཀྱི་ཚད་རིམ་མཐོ་བའི་མཐུན་སྒྲིལ་གྱི་རང་སྒྲ་ཞིག་ཀྱང་ཞར་དུ་རྟོགས་འོངས།  གཅིག་ལས་གཅིག་ལྷག་གི་གྱ་ནོམ་པའི་ལེ་ཚན་རེ་རེའི་འགྱུར་ཁུགས་དང་སྟངས་སྟབས་ཁྲོད་དུ་སྔ་དྲོའི་དུས་ཆེན་བསུ་བའི་རིག་རྩལ་དགའ་སྟོན་དང་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་འགྲོའི་རྩེད་མོ་རེ་ཞིག་མཇུག་རྫོགས།
         ཕྱི་དྲོར། སློབ་རའི་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་སྣ་ཚོགས་པ་སྟེ། རྨིད་བརྒྱ་དང་རྨིད་བརྒྱད་བརྒྱའི་རྐང་རྒྱུག མཐུད་རྒྱུག  རྒྱང་མཆོངས། མཐོ་ལྡིང་། ལྕགས་རྡོ་འཕེན་པ་ལས་གཞན། གླང་ཆེན་ས་བཤགས། རྐང་སྡོམ་རྒྱུག་འགྲན། བཙིར་འགྱིག་སོགས་རྣམ་གྲངས་གསར་བའི་འགྲན་སྡུར་གྱིས་སློབ་མ་སྟོང་ཉིས་ལྷག་གི་ལུས་རྩལ་འཇོན་ནུས་སྔོག་འདོན་དང་ལུས་རྩལ་ནུས་ཤུགས་ཡར་ཐོན་ལ་སྟེགས་བུ་བཟང་བོ་ཞིག་བསྐྲུན།  མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་མཆོད་ཚིག་གི་འོག་ཏུ་འཛིན་གྲྭ་སོ་སོའི་འགྲན་ཞུགས་པ་ཚོས་རང་རང་ཐུན་མོང་གི་གཟི་བརྗིད་དང་ལ་རྒྱའི་ཆེད་དུ་འབད་བརྩོན་བརྒྱ་འགྱུར་བསྐྱེད་དེ་འབྲས་བཟང་གི་ཆོ་ལོ་ཐོབ་པར་ནུས་ཤུགས་གང་ཡོད་བཏོན་པ་མ་ཟད། རྩོལ་བ་དྲག་ཏུ་བསྐྱེད་པའི་འགྲན་ཞུགས་པའི་ངར་ཤུགས་རེ་རེ་ལ་སློབ་མ་རྣམས་ཀྱིས་དགའ་བའི་ཀི་སྒྲ་དང་སྐུལ་ལྕག་གི་དགའ་བསུ་ཆེས་ཆེར་སྒྲོག འགྲན་རའི་གྲུ་ཟུར་གང་རུང་དུ་ལུས་རྩལ་པ་རྣམས་ཀྱིས་རང་ཉིད་ཀྱི་འཇོན་ཐང་ཡོད་ཚད་ངོམ་ཞིང་རང་ཉིད་ཀྱི་ལྷད་མེད་རེ་བ་མངོན་ཏེ་སློབ་རའི་གླིང་ནི་མཛའ་མཐུན་དང་མཐུན་སྒྲིལ་གྱི་གོང་བུ་སྒྲིལ་བའི་ཤེས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཁོར་ཡུག་ལྟ་ན་སྡུག་པ་ཞིག་མཛེས་པར་སྤུད་འདུག ཉིན་གཉིས་ལྷག་གི་ཛ་དྲག་གི་འགྲན་སྡུར་དང་བརྩོན་ལེན་གྱི་ཞུམ་མེད་སྙིང་སྟོབས། སྤྱི་སེམས་ཀྱི་ངར་ཤུགས་གཅིག་སྡུད་ཀྱི་ཁྲོད་ནས་སློབ་མ་ཚོའི་ལུས་རྩལ་ལ་བཟུང་བའི་རྣམ་འགྱུར་དང་སློབ་མ་ཚོའི་གོང་བུ་གཅིག་སྒྲིལ་གྱི་སྔོན་ཐོན་བསམ་བློའང་ངང་གིས་མཚོན་འོངས།
        མཇུག་མཐར་སློབ་གྲྭའི་དཔྱད་འདེམ་པ་རྣམ་པས་ལུས་རྩལ་རྣམ་གྲངས་དང་གྲལ་སྒྲིག་རུ་དཔུང་། རྩེད་མོའི་རྣམ་གྲངས་སོགས་སྤྱིའི་ཆ་ནས་ཨང་རིམ་བསྒྲིགས་ཏེ་འཛིན་གྲྭ་དང་ལོ་རིམ། དགེ་བཟོ་བ་བཅས་ལ་ཐུན་མོང་གི་བྱ་དགའ་མི་ཉུང་བ་གནང་སྟེ་རེབ་འདིའི་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་འགྲན་ཚོགས་གཉིས་བདེ་ལེགས་ངང་སྤེལ་ཐུབ་པ་བྱུང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...