སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་གིས་བོད་སྐད་ཁ་སྐད་དཔེ་སྟོན་འཛིན་གྲྭ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-13 11:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ཆར། མཚོ་ལྷོ་ཁུལ་བྲག་དཀར་རྫོང་གིས་བོད་སྐད་ཁ་སྐད་དཔེ་སྟོན་འཛིན་གྲྭ་དེ་རྫོང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་ཤིང་། རྫོང་ཨུའི་རྩ་འཛུགས་པུའུ་དང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། རྫོང་ཨུའི་ཏང་གི་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་མགོ་ཚུགས་མཛད་སྒོར་ཞུགས་ལ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའི་ཅུའུ་ཀྲང་གཞོན་པ་ཀྲའོ་ཁྲང་ཅུན་གྱིས་མཛད་སྒོར་མདོ་འཛིན་མཛད་ཅིང་། རྫོང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པས་ཐེངས་འདིའི་དཔེ་སྟོན་འཛིན་གྲྭ་སྤེལ་བའི་དམིགས་ཡུལ་གྱི་ཐད་ནས་གཏམ་བཤད་གལ་ཆེན་གནང་།

     ཐེངས་འདིའི་དཔེ་སྟོན་འཛིན་གྲྭའི་སློབ་དུས་ནི་ཉིན15དང་རྫོང་ཡོངས་ཀྱི་ལས་བྱེད་མི་སྣ82ལས་བྲལ་ངང་གསོ་སྦྱོང་ལ་ཞུགས་པ་ཡིན། རྫོང་ཨུའི་ཏང་གི་སློབ་གྲྭས་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་དང་བོད་ཡིག་དགེ་རྒན་བཅས་སོ་སོར་དགེ་རྒན1མངགས་ཏེ་སློབ་ཁྲིད་གནང་ལ། གསོ་སྦྱོང་ནང་དོན་ལ《མཚོ་ལྷོ་ཁུལ་གྱི་ལས་བྱེད་པའི་བོད་སྐད་སྦྱང་གཞི་ཚིག་རྐང་བཞི་བརྒྱ་བ》དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི《ལས་བྱེད་པའི་ཨ་མདོའི་ཁ་སྐད་ལག་ལེན་སློབ་དེབ》གཙོ་བྱས་ཏེ། སློབ་ཁྲིད་བྱེད་པའི་རྨང་གཞིའི་སྟེང་། ཁ་བརྡ་སྦྱོང་བརྡར་དང་ལས་བྱ་སོགས་ནང་དོན་བཀོད་སྒྲིག་བྱེད་པ་དང་། སློབ་མ་ཁག3དུ་བགོས་ཏེ། ཁག་རེ་རེར་དོ་དམ་དང་སློབ་སྦྱོང་བགྲོ་གླེང་བྱེད་དུ་བཅུག ཉིན་རེར་སློབ་མ་རྣམས་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་བསྩལ་བ་དང་སློབ་ཁྲིད་ཀྱི་སྐབས་སུ་ཕན་ཚུན་འབྲེལ་འདྲིས་ལ་ཤུགས་བསྣན་ཞིང་། དུས་ངེས་མེད་དུ་སློབ་མའི་ཁ་བརྡ་ལ་འདེམ་བརྟག་དང་། ཆ་རྐྱེན་བསྐྲུན་ཏེ་མང་ཚོགས་ལ་བོད་སྐད་ཀྱི་ལམ་ནས་འབྲེལ་འདྲིས་བྱེད་པ། དེ་མིན་སློབ་སྦྱོང་གི་ཟིན་བྲིས་ལ་བརྟག་པ་སོགས་རྣམ་པ་མང་པོས་སློབ་སྦྱོང་ལ་སྐུལ་བ་ཡིན།
     ཐེངས་འདིའི་གསོ་སྦྱོང་བྱ་བ་ལེགས་པོར་བསྒྲུབ་པར། རྫོང་ཨུའི་དྲིལ་སྒྲོག་པུས་མཐོང་ཆེན་བྱེད་ཀྱི་ཡོད་ལ། གསོ་སྦྱོང་གི་སྔོན་དུ་རྫོང་ཨུའི་ཏང་གི་སློབ་གྲྭར་གྲ་སྒྲིག་ལེགས་པོ་བྱེད་དགོས་པ་བསྟན་ཞིང་། 《བོད་སྐད་ཁ་སྐད་རྐང་འཛིན་མཚན་སྦྱོང་འཛིན་གྲྭ་སྤེལ་བའི་བརྡ་སྦྱོར》སྤེལ་ཏེ། རྫོང་གཏོགས་ལས་ཁུངས་ཀྱི་ལོ45མན་གྱི་བོད་སྐད་མི་ཤེས་པའི་ལས་བྱེད་མི་སྣ་ནི་གསོ་སྦྱོང་བྱ་ཡུལ་གཙོ་བོར་བཟུང་བ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...