སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་གཉིས་ལོ་རིམ་ཁག་གིས་ཁྱིམ་བདག་ཚོགས་འདུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-4 11:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སློབ་གསོ་ནི་མི་རིགས་དང་རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་དེའི་སྲིད་འབྱོར་རིག་གསུམ་དར་རྒུད་ཀྱི་འགག་རྩ་ཡིན་ཞིང་། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་རིམ་ཁྲོད་དུ་སློབ་གསོ་ལ་མཐོང་ཆེན་བྱེད་པའི་རིགས་ནི་དར་རྒྱས་བླ་མེད་ཕྱིན་ཡོད་ལ་དེ་ལས་ལྡོག་པའི་རིགས་ནི་ཉམས་རྒུད་ཀྱི་གནས་སུ་གྱུར་དང་འགྱུར་བཞིན་ཡོད་པས། དེ་ལ་བརྩི་མཐོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་ཡང་གཞི་བཅོལ་ས་གཙོ་བོ་སློབ་མ་དག་གི་སློབ་སྦྱོང་གི་གནས་ཚུལ་དང་འབྲེལ་བའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་དག་ཡ་རབས་ཚུལ་ལྡན་གྱི་ལུགས་སུ་བཅོས་ཤིང་རང་རང་གི་ཁྱད་ཆོས་དང་ནུས་པ་བླ་ལྷག་ཏུ་འདོན་སྤེལ་བྱ་རུ་བཅུག་ནས། མ་འོངས་པར་སྤྱི་ཚོགས་དང་མི་རིགས་ལ་ཞབས་འདེགས་ལེགས་པོ་ཞིག་བསྒྲུབ་པའི་ལམ་དུ་འཇུག་རྒྱུ་དེ་ཡིན། དེ་བས་མི་བུ་འཇོན་ཐང་ཅན་ཞིག་གམ་ཡ་རབས་སྤྱོད་བཟང་གི་མི་བུ་ཞིག་བསྐྱེད་བསྲིང་བྱ་བར་སློབ་གྲྭའི་སློབ་གསོ་ཁོ་ནར་བརྟེན་པ་ནི་བྱ་བརྒྱ་གཤོག་གཡས་ལ་བརྟེན་པ་བཞིན་ཆེ་ཆེར་འགྲོ་མི་ནུས་པས། ངེས་པར་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཟུང་སྦྲེལ་གྱིས་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སློབ་མ་ཞིག་བསྐྱང་ན་ད་གཟོད་ཀུན་གྱི་དམིགས་འབེན་གྱི་དཀྱིལ་སྙིང་ལ་ངེས་དོན་གྱི་མདའ་མོ་ཅིག་ཅར་དུ་ཕོག་ངེས། ཡིན་ན་ཡང་བོད་ཁུལ་གྱི་སློབ་གསོའི་གནས་སྟངས་དང་ལྷག་དོན་བཅའ་སྡོད་སློབ་གྲྭའི་སློབ་གསོའི་ངོས་ཐད་ནས་བལྟས་ན། མི་རིགས་ཤིག་གི་རེ་བ་འཆང་སའི་སློབ་མ་རྣམས་ནི་ཕལ་ཆེར་སློབ་གྲྭའི་སློབ་གསོ་ཁོ་ནར་རྟེན་བཞིན་ཡོད་པ་དང་། གཞན་ཡང་ཁྱིམ་བདག་རྣམས་ཀྱིས་སློབ་མའི་དོན་དངོས་ཀྱི་སློབ་སྦྱོང་གི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱེད་ཐུབ་ཀྱིན་མེད་པར་མ་ཟད་དེའི་གོ་སྐབས་ཀྱང་ཞན་པའི་གནད་དོན་ལ་གཞིགས་ནས། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་གཉིས་ལོ་རིམ་ཁག་གིས་ཁྱིམ་བདག་ཚོགས་འདུ་བསྡུས།

     ཐེངས་འདིའི་ཁྱིམ་བདག་ཚོགས་འདུའི་བརྒྱུད་རིམ་དང་པོ་ནི་ས་ཕྱོགས་སོ་སོ་ནས་ཕེབས་པའི་ཁྱིམ་བདག་རྣམས་གཞི་གཅིག་ཏུ་སློབ་གྲྭའི་ནུབ་ཕྱོགས་སྨྱན་གཟུགས་ཁང་དུ་བསྡུས་ནས་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་དུ་སློབ་གྲྭའི་སློབ་གཙོ་པདྨ་དབང་ཆེན་དང་སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་ཀླུ་ཐར། སློབ་གྲྭའི་ཀུན་སྤྱོད་དོ་དམ་ཁང་གི་ཀྲུའུ་རིན་ནོར་བུ་རྒྱལ། མཐོ་གཉིས་ལོ་རིམ་ཁག་གི་ཁག་གཙོ་རྡོ་ལོ་བཅས་ཚོགས་འདུར་ཞུགས་ནས་སློབ་གྲྭ་འདིའི་སློབ་སྦྱོང་གི་གནས་ཚུལ་དང་འཆར་གཞི་གཙོ་བྱས་ཏེ་འབྲེལ་ཡོད་ཀྱི་གནས་ཚུལ་རགས་བསྡུས་ཀྱིས་ཁྱིམ་བདག་རྣམས་ལ་ངོ་སྤྲོད་བྱས་པར་མ་ཟད། སློབ་གྲྭའི་སློབ་མའི་དོ་དམ་ཐད་ཀྱི་སྒྲིག་ལམ་དང་ཁྱིམ་བདག་རྣམས་ཀྱིས་དོ་སྣང་བྱ་དགོས་པའི་སྐོར་དང་། གཞན་ཡང་མཐོ་གཉིས་ལོ་རིམ་ཁག་གི་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་དམིགས་འབེན། འོས་འགན་སོགས་རེ་རེ་བཞིན་དུ་ཁྱིམ་བདག་རྣམས་ལ་རུམ་ལ་འཇུག་རྒྱུའི་བྲོ་དང་སེམས་ལ་འཛིན་རྒྱུའི་ཚིག་བྱིན་པས་ཁྱིམ་བདག་རྣམས་ཀྱིས་དགའ་བསུ་ཆེན་པོ་འཐོབ།

     ཚོགས་འདུའི་བརྒྱུད་རིམ་གཉིས་པ་ནི་ཁྱིམ་བདག་རྣམས་རང་རང་གི་བུ་ཕྲུག་གི་འཛིན་གྲྭའི་ནང་དུ་ཟབ་ཞུགས་བྱས་ནས་འཛིན་བདག་གཙོ་བྱས་པའི་དགེ་རྒན་རྣམས་ཀྱིས་ཚོགས་འདུ་བསྡུས་ཤིང། དེར་འཛིན་བདག་རྣམས་ཀྱིས་སོ་སོའི་འཛིན་གྲྭའི་སློབ་མའི་ཡོངས་ཁུང་དང་སློབ་སྦྱོང་གི་གནས་ཚུལ་ཞིབ་ཕྲའི་ངང་ཁྱིམ་བདག་རྣམ་པར་ངོ་སྤྲོད་བྱས་པ་ལས་གཞན། བྱེ་བྲག་གིས་སློབ་མ་སོ་སོའི་བྱ་སྤྱོད་དང་སློབ་སྦྱོང་གི་གནས་ཚུལ་ལ་སོགས་པ་གསལ་བོར་བརྗོད་པ་དང་། ད་དུང་སློབ་གྲྭའི་སྒྲིག་ལམ་དང་རྗེས་ཕྱོགས་གང་དག་ལ་མཉམ་འཇོག་དང་དོ་སྣང་བྱ་དགོས་པའི་སྐོར་དང་། དགེ་རྒན་དང་ཁྱིམ་བདག་ཟུང་འབྲེལ་གྱིས་སློབ་མ་རྣམས་ཡང་དག་པའི་ལམ་ཞིག་ཏུ་བསྐྱང་དགོས་པའི་གལ་ཆེན་རང་བཞིན་གྱི་སྐོར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་ཏུ་བཤད་པར་མ་ཟད། དགེ་རྒན་གཞན་རྣམས་ཀྱིས་ཀྱང་ཁ་གསབ་དང་བཅས་ཏེ་འཛིན་གྲྭ་དེ་དག་གི་གནས་ཚུལ་གསལ་འགྲེལ་བྱས། མཇུག་མཐར་ཁྱིམ་བདག་རྣམས་ཀྱི་རེ་བ་དང་བསམ་འཆར་བསྡུ་ལེན་བྱས་ཏེ་བརྒྱུད་རིམ་གཉིས་པ་མཇུག་རྫོགས།

     བརྒྱུད་རིམ་གསུམ་པར། འཛིན་གྲྭ་སོ་སོའི་ཁྱིམ་བདག་ལས་ཚབ་བྱེད་མི་སྣ་གསུམ་སྟེ་ཁྱོན་ཁྱིམ་བདག་གི་འཐུས་མི་བཞི་བཅུ་ཞེ་ལྔ་ལས་གྲུབ་པའི་འཐུས་མིའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། སློབ་གྲྭའི་ཀུན་སྤྱོད་དོ་དམ་ཁང་གི་ཀྲུའུ་རིན་ནོར་བུ་རྒྱལ་དང་མཐོ་གཉིས་ལོ་རིམ་ཁག་གི་ཁག་གཙོ་རྡོ་ལོ་གཉིས་ཀྱིས་ཁྱིམ་བདག་འཐུས་མི་ཚོའི་འོས་འགན་དང་ལས་འགན་ཞིབ་ཚགས་ཀྱིས་བཀོད་སྒྲིག་བྱས་ཏེ་ཚོགས་བསྡུ་དངོས་སུ་མཇུག་བསྒྲིལ།

     ཐེངས་འདིའི་ཚོགས་འདུར་ས་ཕྱོགས་སོ་སོ་ནས་ཕེབས་པའི་ཁྱིམ་བདག་བདུན་བརྒྱ་ལྷག་ཡོད་ཅིང་། ལོ་རིམ་ཡོངས་ཀྱི་སློབ་མ་བརྒྱ་ཆའི་གོ་བརྒྱད་ཡན་གྱི་ཁྱིམ་བདག་དངོས་སུ་སླེབས་པ་ནི་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་ལས་སླེབས་ཚད་ཆེས་མང་ཞིང་གཞི་རྒྱ་ཆེས་ཆེ་བའི་ཚོགས་འདུ་ཞིག་ཡིན། རྣམ་པ་འདིས་བོད་ཁུལ་གྱི་ཁྱིམ་བདག་རྣམ་པའི་གོ་རྟོགས་རིམ་བཞིན་སད་ཅིང་རང་ཉིད་ཀྱི་བྱིས་པའི་མདུན་ལ་བསམ་གཞིག་དང་དོ་སྣང་སྔར་ལས་ལྷག་པ་ཞིག་བྱེད་ཀྱིན་ཡོད་པ་གསལ་བོར་མཚོན་ཡོད། འདི་ནི་བོད་ཁུལ་གྱི་སློབ་གསོའི་དགའ་འོས་པའི་སྣང་ཚུལ་ཞོགས་པའི་སྐྱ་རེངས་ཙམ་མ་ཟད་ཉིན་གུང་གི་ཟེར་བརྒྱ་ལྟ་བུ་ཞིག་ཀྱང་ཡིན་པར་བརྗོད་ཆོག་གོ།

     རེབ་འདིའི་ཚོགས་འདུ་བརྒྱུད་ཁྱིམ་བདག་རྣམ་པས་ཀྱང་སློབ་གྲྭའི་ཕྱོགས་ཡོངས་ཀྱི་གནས་ཚུལ་དང་།  རང་ཉིད་ཀྱི་བུ་དང་བུ་མོའི་སློབ་སྦྱོང་དང་སློབ་གྲྭའི་འཚོ་བར་རྒྱུས་ལོན་གཏིང་ཟབ་མོ་བྱས་ཤིང་།  ཁྱིམ་ཚང་དང་སློབ་གྲྭ་ཟུང་འབྲེལ་གྱིས་སློབ་མ་བསྐྱང་དགོས་པའི་བྱེད་ཕྱོགས་ལ་ངེས་ཤེས་ཟབ་མོ་འདྲོངས་པར་མ་ཟད། རང་རེའི་སློབ་གྲྭའི་སློབ་མ་གཙོར་འཛིན་པའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ལ་དགའ་བསུ་ཆེན་པོ་འཐོབ་ལ། སློབ་གྲྭ་འདི་ནི་རང་ཉིད་ཀྱི་བུ་དང་བུ་མོའི་ཕུགས་འདུན་མངོན་འགྱུར་བྱེད་སའི་ཤེས་རིག་གི་ལྡིང་ཁང་རྨ་མེད་ཅིག་ཏུ་ངོས་ཟིན་ཞིང་རེ་བའི་ས་བོན་ལ་ཁུར་ལྕིའི་འབྲས་བཟང་སྨིན་པར་ཡིད་ཆེས་ཀྱིས་ཁེངས་སོ།།
    མཐར། སློབ་གསོའི་ལས་དོན་མི་ཉམས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...