སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པས་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་གྱི་སྙན་ངག་མཉམ་འདོན་བྱེད་སྒོ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-6 8:56:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


དཔལ་དོན་གྲུབ་རྒྱལ་མཆོག་སྐུ་གཤེགས་ནས་ལོ་འཁོར32ལོན་པའི་རྗེས་དྲན་དུ་ཕུལ་བའི་
མཐོ་གཉིས་རིམ་པའི་སྙན་ངག་མཉམ་འདོན་འགྲན་བསྡུར།


དཔྱད་འདེམ་པ་རྣམ་པ།

     བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་སྐུ་ཞབས་དོན་གྲུབ་རྒྱལ་ལམ་རང་གྲོལ་ལགས་སྐུ་གཤེགས་ནས་ལོ་འཁོར་སོ་ཉིན་ལོན་པའི་སྐབས་འདིར། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁག་གིས་སྐྱེས་ཆེན་ཁོང་གི་མཛད་པར་རྗེས་སུ་ཡི་རང་དང་གོང་བཀུར་བྱེད་ཅིང་སྐྱེས་ཆེན་ཁོང་གི་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་བསྐྱོད་ཀྱི་དཔའ་སྤོབས་ལ་སློབ་སྦྱོང་བྱས་ཏེ་རང་རྒྱུད་ལ་སྐུལ་མ་དང་སྙིང་ཕུར་བརྡབ་ཆེད་དང་།  རིན་ཆེན་གསུམ་གྱི་ཡ་གྱལ་སྙན་ངག་གི་དགེ་མཚན་དང་རིན་ཐང་ལ་དང་དོད་བྱེད་པའི་འདུ་ཤེས་གསོ་སྐྱོང་དང་དེ་མ་ཤེས་པའི་སྐྱོན་དང་ཉེས་དམིགས་ལ་ངེས་ཤེས་རྙེད་པ་ལས་གཞན། སློབ་མ་རྣམས་ཀྱི་སློབ་སྦྱོང་གི་འཚོ་བ་སྙན་ངག་གིས་མཛེས་པར་བྱས་ཤིང་གདང་དབྱངས་ཀྱིས་སྙན་པར་བརྒྱན་ཏེ་སྤྲོ་སྣང་དོད་པའི་སློབ་རའི་མཁའ་དབུགས་ཤིག་བསྐྲུན་ཆེད། རང་རེའི་སློབ་གྲྭའི་མཐོ་གཉིས་རིམ་པའི་འཛིན་གྲྭ་ཡོངས་ལ་སྙན་ངག་མཉམ་གྱེར་གྱི་འགྲན་བསྡུར་བྱེད་སྒོ་སྤེལ།
     ཐེངས་འདིའི་བྱེད་སྒོར་མཐོ་གཉིས་རིམ་པའི་འཛིན་གྲྭ་བཅོ་ལྔ་ཆ་ཚང་ཞུགས་ཤིང་། གྱེར་བྱའི་སྙན་ངག་ལ་རྡོ་ལས་བཞད་པའི་ལྷ་ས་དང་རང་ཁྱིམ། འབྲོག་པ། ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས། ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན། ཕ་སྐད།  ཁྱོད་རང་མི་ཚེ་གང་བོར་དགེ་རྒན་གྱིས་ཤིག ལང་ཚོའི་རྦབ་ཆུ། ཀྭ་ཡེ་བོད། ང་ཡིས་ཁྱོད་ལ་འདྲི། ས་ཆེན་གྱི་མངལ་སྒོ་བཅས་བོད་ཁུལ་དུ་སྙན་གྲགས་ཆེ་བའི་སྙན་ངག་པ་སྐོར་ཞིག་གི་སྙན་ངག་གྲགས་ཅན་བཅུ་རང་མོས་ཀྱིས་བདམས་ནས་འཛིན་སོ་སོའི་སློབ་གྲོགས་ཡོངས་ཀྱིས་མཉམ་དུ་གྱེར་འདོན་བྱས།
     འགྲན་བསྡུར་ཁྲོད་དུ་འཛིན་གྲྭ་སོ་སོའི་སྟ་གོན་ཕུན་སུམ་ཚོགས་ཤིང་སློབ་གྲོགས་རེ་རེ་ཡིས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྣལ་མ་སྙན་ངག་གི་ཁྲོད་དུ་འཐིམས་པར་བྱས་ནས་གསལ་དག་སྙན་གསུམ་གྱི་ལམ་ནས་གྱེར་འདོན་བྱས་པས།  ངག་རིག་སྒྱུ་རྩལ་འདིའི་ཐུན་མིན་གྱི་ཁྱད་ཆོས་དང་རོ་བྲོ་ཕུན་སུམ་ཚོགས་པ་དེ་མངོན་དུ་ཐོན་པར་བྱས་པར་མ་ཟད། སློབ་གྲོགས་ཚང་མའི་ལུས་སྟེང་ནས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་བའི་མི་རབས་གསར་བ་ཞིག་གི་སྔར་མེད་ཀྱི་སྟོབས་ཤུགས་དང་ཉམས་མེད་ཀྱི་ཟིལ་ཤུགས། འཛད་མེད་ཀྱི་དཔའ་སྤོབས་ཇི་བཞིན་གསལ་བོར་མངོན་པ་དང་། དཔྱད་འདེམ་དགེ་རྒན་རྣམས་ཀྱིས་ཀྱང་འདྲ་མཉམ་དང་དྲང་བཞག་གི་བདེན་དོན་གཙུག་ཏུ་བཀུར་ནས་འཛིན་གྲྭ་རེ་རེ་དང་སློབ་མ་རེ་རེའི་ལུས་ངག་ཡིད་གསུམ་གྱི་ཉམས་འགྱུར་ལ་ཞིབ་ལྟ་དང་ཞིབ་ཉན་གྱིས་ཏེ་རིས་སུ་མ་ཆད་པའི་སྐར་འབྲས་བྱིན་ཞིང་། སློབ་མ་ཚོའི་གྱེར་འདོན་གྱི་མངོན་ཤུགས་གང་རུང་ནས་རེ་བའི་མྱུ་གུ་ད་དུང་སྐམ་མེད་པའི་དགའ་སྣང་གི་དྲོད་ཁོལ་སེམས་སུ་འཁྱིལ་བར་བྱས།
     ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་སྤེལ་བ་འདིས། དགེ་སློབ་རྣམས་ཀྱིས་རླབས་ཆེན་གྱི་སྐྱེས་བུ་དག་རྟག་ཏུ་སེམས་སུ་བསྒོམས་ནས་དེའི་ཞབས་རྗེས་སྙེག་ཅིང་དེ་ཉིད་མདུན་བསྐྱོད་ཀྱི་དར་ཆ་ཞིག་ཏུ་ངོས་ཟུང་ནས་ནམ་ཡང་ཡིད་ལ་བརྟན་པོར་བཅིངས་པ་མཚོན་པ་ལས་གཞན། སློབ་མ་རྣམས་ཀྱི་སྙན་ངག་གྱེར་འདོན་གྱི་སྤྲོ་བ་བསྐྱེད་བསྲིང་དང་བོད་སྐད་ཡིག་གི་རྨང་གཞི་སྲ་བརྟན་བཏང་པར་མ་ཟད། སློབ་རའི་དགུན་མགོའི་འཁྱག་རེངས་ཐེབས་པའི་ཁོ་ར་ཁོར་ཡུག་ཀུན་ཏུ་གསོན་ཤུགས་གསར་བ་ཞིག་དང་སྤྲོ་བ་ལྷག་མ་ཞིག་གིས་ཁེངས་པར་བྱས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...