སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གངས་རྒྱན་མེ་ཏོག་རྟགས་མའི་གཏེར་ལེན་ཁ་ས་ཁུལ་གྱི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་རྩོམ་ཡིག་འགྲན་སྡུར་སྤེལ།
རྩོམ་པ་པོ། བདེ་སྐྱིད་སྒྲོལ་མ། སྒྲོལ་དཀར་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-6 9:17:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ལམ། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པས་མཉམ་ཏུ་སྒྲུབ་པའི་གངས་རྒྱན་མེ་ཏོག་རྟགས་མའི་གཏེར་ལེན་ཁ་ས་ཁུལ་གྱི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་རྩོམ་ཡིག་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་སྤེལ། 
     སློབ་མས་རྩོམ་ཡིག་འབྲི་སྦྱོང་བྱེད་པ་ནི་སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། སློབ་མའི་སྐད་ཡིག་སློབ་སྦྱོང་གི་ཆུ་ཚད་ག་འདྲ་ཡིན་པའི་ཚད་འཇལ་བྱེད་ཅིག་ཀྱང་ཡིན་པས། ཐེངས་འདིའི་བྱ་འགུལ་གྱིས་སློབ་མ་རྣམས་ཀྱི་རྩོམ་ཡིག་འབྲི་བའི་ནུས་རྩལ་དང་བསམ་བློའི་བྱང་ཚད་ཇེ་མཐོར་གཏོང་བ་དང་། གཏེར་ལེན་ཁ་ས་ཁུལ་གྱི་བོད་ཀྱི་རིག་གནས་དང་སློབ་གསོའི་བྱ་བའི་ཐད་ཀྱི་འདས་སོང་གི་གྲུབ་འབྲས་མངོན་པ། བོད་ཀྱི་རིག་གནས་དང་སློབ་གསོའི་མ་འོངས་འཕེལ་རྒྱས་ཐད་ལ་སྟ་གོན་ལེགས་པོ་བྱེད་པ་དམིགས་སུ་བཟུང་ནས་སྤེལ་བ་ཡིན་ལ། འདི་འདྲའི་སློབ་རའི་རིག་གནས་ཁོར་ཡུག་གི་རྣམ་པ་བཟང་བོ་ཞིག་བརྒྱུད་ནས་སློབ་མ་རྣམས་ཀྱིས་རང་གི་སྐད་ཡིག་ལ་སློབ་སྦྱོང་དང་བརྩོན་ལེན། འབད་པ་དང་འཕེལ་རྒྱས། སྐུལ་འདེད་དང་དུངས་ཞེན་གྱི་སྒོ་ནས། རང་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྩོམ་རིག་འཕེལ་རྒྱས་ལ་རང་ནུས་ཅི་ལྕོག་གིས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

     ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ལོ་རིམ་མི་འདྲ་བའི་སློབ་མ36ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ནས། བརྗོད་བྱ་གསལ་ཞིང་རྗོད་བྱེད་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་སྒོ་ནས་རང་ལ་ཆེས་ཉེ་བར་བཅར་བའི་མི་སྣ་དང་བྱ་བ། དེ་མིན་སྲོལ་རྒྱུན་གྱི་གོམས་གཤིས་སོགས་ཡིད་ཀྱི་རི་མོ་དང་སེམས་ཀྱི་འདུན་མ་ཚིག་རྒྱན་གྱིས་སྤྲས་ནས་ཤོག་ངོས་སུ་ཕབ། དཔྱད་འདེམས་པ་རྣམས་ཀྱིས་དཔྱད་འདེམས་རིམ་པ་གསུམ་བརྒྱུད་དེ། རྩོམ་ཡིག་གི་བརྗོད་བྱ་དང་རྗོད་བྱེད། ཁ་བྱང་། རྒྱུ་ཆ་འཚོལ་སྡུད་སོགས་ཕྱོགས་སོ་སོ་ནས་སེམས་ཞིབ་མོའི་སྒོ་ནས་དྲང་བཞག་དང་དྲང་བདེན་གྱིས་ཐེངས་འདིའི་འགྲན་བསྡུར་ལ་འབྱོར་བའི་རྩོམ་ཡིག་ལ་རིམ་པ་བཀར། མཐར་སློབ་གྲོགས་བཟང་མོ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སློབ་གྲོགས་ཕུན་ཚོགས་བཀྲ་ཤིས་དང་གནམ་སྐྱིད་རྒྱ་ལ་བྱ་དགའ་ཨང་གཉིས་པ་ཐོབ། སློབ་གྲོགས་ཡུམ་སྐྱབས་རྒྱལ་དང་བདེ་ཆེན་མི་འགྱུར་རྡོ་རྗེ། ཤེས་རབ་སྒྲོལ་མ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། དེ་མིན་སློབ་གྲོགས་གཡང་འབུམ་རྒྱལ་སོགས་སློབ་གྲོགས10ལ་རྟིང་སྐུལ་གྱི་བྱ་དགའ་ཐོབ།

     བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་། བྱ་དགའ་ཐོབ་པའི་སློབ་གྲོགས་ཀྱི་འཐུས་ཚབ་བཟང་མོ་དང་། ཕུན་ཚོགས་བཀྲ་ཤིས། བདེ་ཆེན་མི་འགྱུར་རྡོ་རྗེ་ཡིས་རང་གི་རྩོམ་ཡིག་ཀློག་འདོན་བྱས་ཏེ། ཁོ་ཚོས་རྗེས་ཕྱོགས་ཀྱི་སློབ་སྦྱོང་ཁྲོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་རྒྱས་པར་བྱས་ནས། མི་རིགས་རང་གི་སྐད་ཡིག་དང་རྩོམ་རིག་ལག་ཆར་སྤྲས་ཐོག་མཛེས་ཤིང་སྡུག་པའི་མེས་རྒྱལ་ལ་ལེགས་སྐྱེས་འབུད་པ་དང་། ཕ་ཡུལ་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་པའི་ཆོད་སེམས་བསྟན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...