སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-26 9:55:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས།

     ཇི་སྐད་དུ། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།། དཔའ་རྩལ་ཆེ་བའི་དཔལ་བོ་ལག་རྡུམ་འདྲ།།ཞེས་གསུངས་བ་བཞིན་ཡིག་གཟུགས་ཀྱང་རྩོམ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་བ་ཞིག་ཡིན་ཞིང་། དེ་ཡང་བོད་ཀྱི་ཡིག་གཟུགས་ཇི་ལྟར་བྲི་བའི་ཐད་དུ་ཨ་ལགས་ཚེ་ཏན་ཞབས་དྲུང་གིས། ཡི་གེ་དག་སྙོམས་མཛེས་གསུམ་ལས།། མ་དག་སྐྱེས་བུ་སྙིང་མེད་འདྲ།། མི་སྙོམ་རྐང་ལག་འཁྱོར་བ་འདྲ།། མི་མཛེས་གོས་ངན་གྱོན་པ་འདྲ།། དག་སྙོམས་མཛེས་གསུམ་ཆ་གང་ཡང་།། མི་ལྡན་ལམ་ཁ་བོར་བ་ཡི།། གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ།། གསུམ་ག་འཛོམས་ན་བཞིན་མཛེས་པའི།། དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས།། ལུས་དང་ཡན་ལག་ལྟ་ན་སྡུག།། ཚོགས་པའི་ཁྲོམ་དུ་འགྲིམས་པ་འདྲ།།ཞེས་གདམས་པ་བཞིན་དུ་ཡིག་གཟུགས་དག་ཅིང་སྙོམས་ལ་མཛེས་པར་བྲི་རྒྱུ་ནི་ཤིན་ཏུ་གལ་ཆེའོ།། དེ་བཞིན་རང་རེའི་བོད་ཀྱི་ལོ་རྒྱུས་སུའང་བོད་ཡིག་བྱུང་བ་ནས་ཡིག་གཟུགས་གི་བྲིས་རྒྱུན་མི་འདྲ་བའི་ཕྱག་རྒྱུན་མང་དུ་བྱུང་ཞིང་ཡིག་མཁན་ཡང་གསེར་རིའི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱུང་ནའང་། དེང་གི་ཆར་བརྡ་འཕྲིན་དུས་རབས་ཀྱི་སྐུལ་འདེད་དང་དེང་རབས་ལག་ཆ་ཡི་འཕེལ་འགྱུར་འོག་སྨྱུ་གུ་ལག་ཏུ་འཆང་ནས་ཡི་གེ་འབྲི་བའི་རྣམ་པ་ཇེ་ཉུང་དུ་ཕྱིན་ཞིང་ཡིག་གཟུགས་འབྲི་བའི་ལས་བགྱི་མཁན་ནི་ཉིན་མོའི་སྐར་མ་ཙམ་དུ་ཟད་པས། བོད་ཀྱི་ཡི་གེའི་བྲིས་ལའང་འགྱུར་ལྡོག་གང་མང་བྱུང་ཞིང་བྲིས་པ་མི་མཛེས་ཤིང་འབྲི་མི་ཤེས་པའི་ཡིད་སྐྱོ་བའི་སྣང་ཚུལ་ཡང་གདའ། དེའི་ཕྱིར་མེས་པོའི་ཤུལ་བཞག་རིག་གནས་འདིའི་དབུགས་ཀྱི་རྒྱུ་བ་སླར་སོས་དང་ཡིག་གཟུགས་ཀྱི་ཕྱག་རྒྱུན་རྒྱུན་འཛིན་བྱ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་ཀྱང་སློབ་མ་རྣམས་ལ་བོད་ཡིག་གི་ལས་བྱ་སྨྱུག་བཅད་ཀྱིས་སྨྱུག་ཁ་བསྐོར་ནས་འབྲི་བའི་སྐུལ་མ་དང་འགན་འཁྲི་བཞག་ཡོད་པ་དང་བསླབ་ཕྱིའི་དུས་ཚོད་བེད་སྤྱད་ནས་ཡིག་གཟུགས་དགའ་མོས་འཛིན་གྲྭའང་གཉེར་བས། སློབ་གྲོགས་རྣམས་ཀྱི་ཡིག་གཟུགས་ཆ་སྙོམས་ཀྱིས་ལེགས་པར་ཕྱིན་ཅིང་དབུ་ཅན་ཙམ་མ་ཟད། འབྲུ་ཚ་དང་སུག་རིང་སོགས་འབྲི་བར་མཁས་པའི་སློབ་གྲོགས་ཀྱང་མང་དུ་བྱུང་དང་འབྱུང་མུས་སུ་མཆི།

     དེ་བས་ཐེངས་འདིར་བོད་ཀྱི་ཡིག་གཟུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་ཞིང་དེ་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག སློབ་མ་རྣམས་ཀྱི་ཡིག་གཟུགས་འབྲི་སྦྱོང་གི་འཕེལ་རྒྱས་ལ་ཚད་འཇལ་བྱེད་པ་དང་དེ་ཉིད་ཀྱི་སྤྲོ་བ་བསྐྱེད་བསྲིང་བྱེད་པ། བོད་ཀྱི་ཡིག་གཟུགས་ལ་ཤུགས་ཆེན་པོའི་སྒོ་ནས་དོ་སྣང་དང་མཐོང་ཆེན་བྱས་ནས་སློབ་སྦྱོང་གི་འདུན་པ་སྔར་བར་ཇེར་བརྟན་དང་མི་རིགས་རང་གི་རིག་གནས་ལ་འཛིན་སྐྱོང་སྤེལ་གསུམ་གྱི་འདུ་ཤེས་གསོ་སྐྱོང་གི་སླད་དུ། སློབ་གྲྭའི་མགོ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་འོག་བོད་ཡིག་ཁྲིད་དཔྱོག་ཁག་གིས་གཙོ་སྒྲུབ་བྱས་ཏེ་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སློབ་གྲྭའི་ཤར་ཕྱོགས་སྨྱན་མང་ཁང་དུ་གཞི་རྒྱ་ཆེན་པོའི་སྒོ་ནས་བསྡུས།


སློབ་བུ་རྣམས་ཀྱིས་བྲིས་པའི་ཡིག་གཟུགས།

     ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་གྱི་ཁ་གཏད་ཡུལ་ནི་མཐོ་གཅིག་དང་མཐོ་གཉིས་ལོ་རིམ་ཁག་གཉིས་ཡིན་ཞིང་། འཛིན་གྲྭ་ཉེར་བདུན་ལས་སློབ་མ་གསུམ་རེ་རང་འགུལ་གྱིས་ཞུགས་པའི་གོ་སྐབས་སྤྲད་ཅིང་། ཁྱོན་སློབ་མ་བརྒྱད་ཅུ་ལྷག་བྱ་འགུལ་འདིར་ཞུགས་ཏེ་བྲི་བྱའི་ནང་དོན་ལ་ཟླ་ཤེལ་ཁ་བའི་རི་ཚོམ་ཕྲེང་བསྒྲིགས་པའི།། བྷོཊའི་ལྗོངས་ཆེན་སྣང་བྱེད་ཡི་གེའི་བརྙན།། ཝ་ལེར་གསལ་མཛད་ཐོན་མི་ཨ་ནུའི་དྲིན།། བསྐལ་བའི་མཐར་ཡང་ཆ་ཙམ་ཇི་ལྟར་གཞལ།།ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་དབྱངས་གསལ་སོ་བཞི་མ་འདུས་པ་མེད་པ་འདི་ཉིད་གཏན་ལ་ཕབ་ཅིང་། སློབ་གྲོགས་རྣམས་ཀྱིས་རང་རང་གི་ཆེས་ཆ་རྒྱུས་ལྡན་ཞིང་བྲི་བར་མཁས་པའི་ཡིག་གཟུགས་ཀྱི་ལམ་ནས་པིར་གྱི་སྨྱུག་ཁ་ཤོག་དཀར་ངོས་ལ་བསྒྱུར་ཏེ་བྲིས་ཀྱི་འཇོན་ནུས་ཡོད་རྒུ་རྩལ་དུ་སྤྲུགས།

     ཐེངས་འདིའི་བྱེད་སྒོར་བརྒྱུད་དེ་སློབ་གྲོགས་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ངོས་ཟིན་ཞིང་། ཉམས་དམས་སུ་འགྱུར་བཞིན་པའི་བོད་ཀྱི་ཡིག་གཟུགས་དང་ཡིག་གཟུགས་ཀྱིི་འབྲི་རྒྱུན་ལ་དོ་སྣང་དང་ཤུགས་སྣོན་བྱ་དགོས་པའི་ངེས་ཤེས་འདྲོངས་པར་མ་ཟད། མི་རིགས་རང་གི་རིག་གནས་ལ་དུངས་ཞེན་དང་བརྩེ་འདང་གིས་ཁེངས་བར་བྱས་ཤིང་། སླད་མར་བོད་སྐད་ཡིག་གཙོར་བྱས་ཏེ་རིག་ཚན་སོ་སོའི་བསླབ་བྱར་འབད་འབུངས་ལྷོད་མེད་བགྱིས་ནས་ཤེས་རིག་གི་ཐང་ཆེན་རིག་པའི་བང་གིས་འགྲིམས་པར་རེ་བ་དང་ཡིད་ཆེས་ཀྱིས་བརྟས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...