སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2018ལོའི་རྔ་བ་ཁུལ་མང་ཚོགས་རིག་གནས་ཀྱི་གསར་རྩོམ་རིག་རྩལ་བརྩམས་ཆོས་འགྲན་བསྡུར་སྤེལ།
རྩོམ་པ་པོ། ཆུ་སྐྱེས་གཙུག་ཏོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-28 11:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ4བའི་ཚེས27ཉིན་གྱི་སྔོ་དྲོའི་ཆུ་ཚོད8:30སྟེང་། 2018ལོའི་རྔ་བ་ཁུལ་མང་ཚོགས་རིག་གནས་ཀྱི་གསར་རྩོམ་རིག་རྩལ་བརྩམས་ཆོས་འགྲན་བསྡུར་ཞེས་པ་དེ་མཐོ་སྒང་གི་མུ་ཏིག་ཏུ་བསྔགས་པའི་འབར་ཁམས་གྲོང་ཁྱེར་གྱི་རིག་གནས་ཐང་ཆེན་དུ་སྤྲོ་དགའ་ཡི་ཡོ་ལང་རྣམ་པར་རྫོགས་བཞིན་བསྡུས་ཤིང་། རིག་རྩལ་བརྩམས་ཆོས་འགྲན་བསྡུར་འདི་ནི་ཀྲུང་གུང་རྔ་བ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་རྔ་བ་ཁུལ་རིག་གནས་རྒྱང་བསྒྲགས་ཅུས་གཉིས་ཀྱིས་གཙོ་སྒྲུབ་དང་། རྔ་བ་ཁུལ་རིག་གནས་ཁང་གིས་འགན་སྒྲུབ་གནང་བ་ཡིན།

     བྱ་འགུལ་འདི་བསྡུ་བའི་དམིགས་ཡུལ་ནི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཁྱབ་སྤེལ་བྱེད་པ་དང་། དམངས་ཁྲོད་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོབ། བེད་སྤྱོད་བྱས་ནས། སྔོན་ཐོན་རིག་གནས་ཀྱི་མདུན་བསྐྱོད་ལམ་ཕྱོགས་རྒྱུན་འཁྱོངས་ཀྱིས་རྒྱ་ཆེའི་རིག་རྩལ་ལས་དོན་པ་དག་གིས་དུས་རབས་ཀྱི་གོམ་འགྲོས་དང་མཐུན་ཞིང་། དུས་རབས་ཀྱི་སྙིང་སྟོབས་མངོན་པར་མཚོན་པའི་རིག་རྩལ་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་པར་སྐུལ་ལྕག་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་ཁུལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་ལ་སྐུལ་འདེད་བྱས་ཏེ་རང་ཁུལ་གྱི་གླུ་གར་སྒྱུ་རྩལ་གྱི་གསར་རྩོམ་དང་འཁྲབ་སྟོན་བྱང་ཚད་མཐོར་འདེགས་གཏོང་བའི་ཆེད་དང་། ཕུལ་དུ་བྱུང་བའི་བརྩམས་ཆོས་གསར་རྩོམ་དང་། ཕུལ་དུ་བྱུང་བའི་རིག་རྩལ་འཁྲབ་སྟོན་པ་བསྐྱེད་བསྲིངས། བརྩམས་ཆོས་རྩེ་གྲ་གཅིག་སྡུད་བཅས་བྱས་ཏེ་སྐབས་བརྒྱད་པའི་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་སྟོན་ལ་སྟ་གོན་བྱེད་པའི་ཆེད་དུའང་ཡིན་ནོ། །

     བཀྲ་ཤིས་པའི་ཉི་གཞོན་གསར་བ་མཁའ་རུ་འཕགས་པ་དང་ལྷན་དུ། རྫོང་ཁག་བཅུ་གསུམ་ནས་ཕེབས་པའི་འཁྲབ་སྟོན་པ་དག་གིས(བོད་ཆའང)མི་རིགས་རང་གི་ཁྱད་ཆོས་ལྡན་པའི་གོན་པ་གྱོན་ཞིང་། གདོད་མ་ནས་མཆེད་ཅིང་ཕ་མེས་ལས་བརྒྱུད་པའི་སྲིད་པའི་གདངས་འགྱུར་སྙན་མོའི་དབྱངས་འགྲོས་དང་བསྟུན་ནས། གར་སྟབས་བསྒྱུར་བཞིན་ལྟད་མོ་བ་དག་ལ་མགྲོན་བརྡ་གཏོང་བའི་ཚུལ་གྱིས་ཁྲོམ་བསྐྱོད་འཁྲབ་སྟོན་བྱས་པས། ལམ་འགྲམ་གྱི་ཚོང་བ་དང་། ལས་ཀ་བ། ལམ་འགྲོ་བ། སློབ་མ་སོགས་མི་མང་པོས་གཅིག་རྗེས་གཉིས་མཐུད་དང་འཚང་ཁ་ཤིག་ཤིག་གིས་ཁྲོམ་བསྐྱོད་འཁྲབ་སྟོན་ལ་བལྟ་རུ་འོང་།
     ཁྲོམ་བསྐྱོད་འཁྲབ་སྟོན་མཇུག་སྒྲིལ་ནས་ཕྱིར་རིག་གནས་ཐང་ཆེན་དུ་བསླེབས་པ་ན། གླུ་གར་རིག་གནས་ལ་དགའ་བའི་ལྟད་མོ་བ་དག་སྔ་མོ་ནས་འདུག་སྟེགས་སུ་བསྡད་དེ་འཁྲབ་སྟོན་མགོ་རྩོམ་པར་སྒུག་འདུག

     འགྲན་བསྡུར་གོ་རིམ་ཧྲིལ་བོ་ལེགས་པར་འགྲུབ་པ་དང་། འདྲ་མཉམ་དྲང་གཞག་ཡོང་བའི་ཆེད་དུ། རིག་རྩལ་ཆེད་མཁས་སྐོར་ཞིག་གིས་ཡུལ་དངོས་ནས་དཔྱད་འདེམས་དང་དཔྱད་འཇོག་བྱས།
     འགྲན་བསྡུར་གྱི་བརྩམས་ཆོས་རེ་རེ་ཡི་ནང་དོན་ནི་དངོས་ཡོད་འཚོ་བ་དང་ཐག་ཉེ་ཞིང་། སྒྱུ་རྩལ་གྱི་ཁྱད་ཆོས་འབུར་ཐོན་ཡིན་པར་མ་ཟད། གསར་གཏོད་རང་བཞིན། གར་སྟེགས་རང་བཞིན།  མི་རིགས་རང་བཞིན་གྱིས་ཀྱང་རབ་ཏུ་བརྒྱན་ཡོད་པས། ལྟད་མོ་བ་དག་གིས་་དགའ་བསུ་ཆེན་པོ་ཐོབ། འདི་ལྟར་འགྲན་བསྡུར་གྱི་རིམ་པ་རེ་ཞིག་མཇུག་རྫོགས་སོ།།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...