སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་བོད་ཡིག་བཀས་བཅད་ཨུ་ལྷན་གྱིས་ཐ་སྙད་གསར་པ1500བཏོན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-3 10:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ4བའི་ཚེས28ཉིན། རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ཨུ་ལྷན་གྱི་སྐབས་བརྗེ་དང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཡིག་གི་ཐ་སྙད་གསར་པ་ཡོངས་བསྒྲགས་ཚོགས་འདུ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་དབྱང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨན་ཆི་དབྱི། སྤྱི་ཁྱབ་ལས་འཛིན་དགྲ་འདུལ། སྤྱི་ཁྱབ་ལས་འཛིན་ཟུར་པ་ལྷག་པ་ཕུན་ཚོགས། དེ་བཞིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཅུས་བདུན་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། སློབ་གསོ་པུའི་སྐད་ཡིག་ཆ་འཕྲིན་དོ་དམ་སི། རྒྱལ་ཁབ་ཀྱི་ཐ་སྙད་དང་སྐད་ཡིག་ནང་དོན་ཐོན་ཁུངས་ཚད་ལྡན་བཟོ་བའི་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་བོད་སྐད་ཡིག་རིགས་གཅིག་མཁས་ཅན་དང་བོད་སྐད་ཡིག་ལས་དོན་པ་སོགས་མི་གྲངས100ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ”སོགས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཡིག་ཐ་སྙད་གསར་པ1500ཙམ་ཡོངས་བསྒྲགས་བྱས་པ་མ་ཟད། ཨུ་ཡོན41སྐབས་བཞི་པའི་རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་ལས་དོན་ཨུ་ཡོན་ལ་བདམས་པ་དང་དགྲ་འདུལ་ཀྲུའུ་རེན་ཨུ་ཡོན་ལ་བདམས་པ་རེད།
     སྲི་ཐར་གྱིས་རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་འཐུས་ཚང་དང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། ཐ་སྙད་ཞིབ་བཤེར་གཏན་འབེབས། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་། བདམས་ཐོན་བྱུང་བའི་ཨུ་ཡོན་རྣམས་ཀྱིས་སྐབས་བརྗེའི་གོ་སྐབས་འདི་སྤྱད་དེ། ལས་དོན་ཧུར་ཐག་སྤེལ་བ་དང་ཀུན་གྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

     སྲི་ཐར་གྱིས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་དེར་ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་ཁྲིད་བྱེད་དགོས་ལ། བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་དགོས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ། མིག་སྔའི་ཀྲུང་གོའི་དོན་དངོས་ལ་གཞིགས་དགོས་པ། མིག་སྔའི་དུས་རབས་ཀྱི་འབོད་སྒྲ་མངོན་པ། དེང་རབས་ཅན་དང་འབྱུང་འགྱུར་ལ་ཕྱོགས་པའི་མི་རིགས་དང་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གཏོང་བ་བཅས་བྱས་ནས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་དང་། ཁོང་གིས་ངེས་པར་དུ་རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ལ་མཐོང་ཆེན་པོ་བྱེད་དགོས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་དེ་བོད་སྐད་ཡིག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་འགྲོ་རྒྱུ་དང་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭའི་རིག་གནས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་དང་། སྙིགས་དོར་གསར་ལེན། རྒྱུན་མཐུད་ཆད་མེད་བཅས་དང་འབྲེལ་བ་ཡོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་དང་འབྲེལ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཨན་ཆི་དབྱིས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ལ་འགན་ལེན་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་བོད་རིག་པའི་རིག་གཞུང་སྒྲིག་གཞི་ཡིན་པས། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཐད་ཞབས་ཞུ་སྒྲུབ་པའི་འགན་འཁྲི་ཡོད་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་འཕེལ་རྒྱས་དང་བརྟན་ལྷིང་ལ་ཞབས་ཞུ་སྒྲུབ་པའི་འགན་འཁུར་ཡོད་པས། སླད་ཕྱིན་མུ་མཐུད་སྣེ་ཁྲིད་ནས་རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ཡག་པོ་བསྒྲུབ་པ་དང་། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་རིགས་གཅིག་མཁས་ཅན་དང་། མཁས་དབང་། བོད་སྐད་ཡིག་ལས་དོན་པ་བཅས་ཀྱི་ཧུར་སེམས་འཕེལ་བ་བྱེད་པ། བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་དབྱང་གིས་ཐུགས་ཁུར་དང་། ཚན་པས་མཐུན་སྦྱོར། རིགས་གཅིག་མཁས་ཅན་ཞུགས་པ། མང་ཚོགས་ཀྱིས་བེད་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་དང་། བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     སྐབས་བཞི་པའི་རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དགྲ་འདུལ་གྱིས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་དང་། སྐབས་གསུམ་པའི་རྒྱལ་ཡོངས་བོད་ཡིག་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཕྱིར་དྲན་དང་། བོད་ཡིག་ཐ་སྙད་ཚད་ལྡན་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གནང་ནས་སླད་ཕྱིན་གྱི་ལས་འགན་བཀོད་སྒྲིག་གནང་བ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...