སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་རིགས་ལམ་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-16 9:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ5བའི་ཚེས13ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་སྐབས་བཅུ་གཅིག་པའི་མཚན་ཉིད་པ་ཆུང་ཆུང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱ་འགུལ་གཟབ་རྒྱས་ངང་སྤེལ།
     ཐེངས་འདིའི་འགྲན་བསྡུར་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་ཁྲིད་དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་དང་ཁུལ་སློབ་གསོ་ཅུའི་ཅུ་ཀྲང་གཞོན་པ་ཚེ་སྒྲུབ། གསེར་ཆེན་རྫོང་འཁྱམ་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་དགེ་བཤེས་ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ། མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བཤེས་རབ་འབྱམས་པ་ཡེ་ཤེས་གྲགས་པ་དང་ཕར་ཕྱིན་རབ་འབྱམས་པ་བཀྲ་ཤིས་བཟང་བོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷུན་གྲུབ་རྡོ་རྗེ། ད་དུང་སློབ་གྲྭའི་བསྡུས་གྲྭའི་སློབ་ཁྲིད་གོང་དུ་འདེགས་པར་རྒྱུ་ཡོན་གྱི་མཐུན་རྐྱེན་སྦྱོར་མཁན་སྦྱིན་བདག་བསོད་ནམས་ཐུབ་བསྟན་དང་སྙིང་ལྕགས་བཅས་དང་། སློབ་གྲྭའི་འགོ་ཁྲིད་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ3000ལྷག་བྱ་འགུལ་ལ་ཞུགས།

     ཐེངས་འདིའི་རིགས་ལམ་འགྲན་བསྡུར་ནི་ལོ་སྔོན་མ་དག་དང་འདྲ་བར་ཐུན་མོང་གི་རྩོད་པ་དང་མི་སྒེར་གྱི་རྩོད་པ་བཅས་རྣམ་པ་གཉིས་ཀྱི་ལམ་ནས་འགྲན་བསྡུར་སྤེལ་ཅིང་། ཐོག་མའི་འགྲན་རྩོད་བྱས་པ་བརྒྱུད་ནས་འཛིན་གྲྭ19དང་སློབ་གྲོགས32རྟིང་རྩོད་འགྲན་བསྡུར་ལ་ཞུགས།
     རྩོད་བྱའི་ནང་དོན་ལ་བོད་ཀྱི་བརྡ་སྤྲོད་དང་ལོ་རྒྱུས། སྙན་ངག་སོགས་ཀྱི་རྨང་གཞིའི་ཤེས་བྱ་ལས་གཞན་ཆབ་སྲིད་ལོ་རྒྱུས་ས་ཁམས་དང་བཅས་པའི་རིག་ཚན་ཤེས་བྱ་དང་། དངོས་ལུགས་རྫས་འགྱུར་སྐྱེ་དངོས་གྲངས་རིག་ལ་སོགས་པའི་རྩིས་ཚན་གྱི་ཤེས་བྱ་ཐམས་ཅད་འདུ་བར་བྱས་ཏེ། བསྡུས་གྲྭའི་རིགས་ལམ་འདི་ནི་སྣ་མང་ཤེས་བྱའི་སྒོ་མོ་འབྱེད་པའི་ལྡེ་མིག་ཅིག་ཏུ་འགྱུར་བར་བརྩོན་པ་ཡིན།

     ཆུ་ཚོད8རིང་ལ་ཛ་དྲག་ཆེ་བའི་རྩོད་པ་བྱས་མཐར། མཐོ་གཅིག་འཛིན་གྲྭ(1)དང་མཐོ་གཉིས་འཛིན་གྲྭ(14)སོགས་འཛིན་གྲྭ16ལ་ཐུན་མོང་གི་བྱ་དགའ་རིམ་པར་ཐོབ་པ་དང་། སློབ་གྲོགས་རྡོ་རྗེ་ལྷུན་གྲུབ་དང་རྒྱ་མོ་སྐྱིད་གཉིས་ལ་མཚན་ཉིད་པ་ཆུང་ཆུང་གི་མཚན་སྙན་ཐོབ་ལ། སློབ་གྲོགས་འབྲུག་མོ་སྐྱིད་དང་ཟོན་ཐར་མགོན་སོགས་སློབ་གྲོགས་32ལ་ཨང་དང་པོ་སོགས་བྱ་དགའ་རིམ་པར་ཐོབ།

     ཐེངས་འདིའི་འགྲན་བསྡུར་སྟེང་སློབ་གྲྭས་ཆེད་དུ་གསེར་ཆེན་རྫོང་འཁྱམ་རུ་དགོན་ཆེན་གྱི་རིགས་པ་སྨྲ་བའི་གྲྭ་བཙུན3གདན་དྲངས་ནས་སློབ་མ་རྣམས་དང་རིགས་པའི་བགྲོ་གླེང་གི་ཚུལ་དུ་རྩོད་པའི་ལས་བགྱིས་པ་དེས་སློབ་གྲོགས་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ཤིག་སྟེ་བསྡུས་གྲྭ་ལས་རྟགས་གསལ་གཏོང་བའི་ཉམས། རང་ལུགས་འཇོག་པའི་ལུགས། གཞན་ལུགས་དགག་པའི་ཐབས། རྩོད་པ་སྤོང་བའི་ཚུལ་ལ་བློ་བསྐྱེད་མི་དམན་པ་ཐོབ་ཅིང་བསྡུས་གྲྭའི་རིགས་ལམ་འདི་སློབ་རར་རྐང་ཚུགས་པར་གྱུར་ནས་བསླབ་ཚན་གཞན་ལ་གཞོལ་བའི་གྲོགས་སུ་འགྱུར་བར་རྨང་གདིང་བའི་ནུས་གལ་ཆེན་ཐོན།

     མཇུག་མཐར། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་པ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་འགྲན་བསྡུར་གྱི་གནས་ཚུལ་སྤྱི་སྡོམ་དང་འབྲེལ་ནས་སློབ་མ་རྣམས་ལ་མཐོ་འབྲིང་སློབ་མ་ཞིག་གི་འགན་འཁྲི་དང་། ད་ལྟའི་དུས་རབས་དང་འཚམ་པའི་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་ཇི་ལྟར་བྱ་དགོས་པའི་སྐོར་གྱི་བསླབ་བྱ་རིན་ཐང་བྲལ་བ་གནང་སྟེ་འགྲན་བསྡུར་མཇུག་བསྡུས་པའོ། །

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...