སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་དུ་འགོག་བདེ་ཐང་གི་སློབ་ར་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-1 10:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སློབ་གྲྭ་ནི་ཤེས་བྱའི་བཅུད་སྣ་འཛོམས་པའི་མཐའ་མི་ངོམ་པའི་གཏེར་མཛོད་ཅིག་ཡིན་པར་མ་ཟད། མི་གཙང་རྫས་ཀྱིས་བསླད་པ་མེད་པའི་འཇིག་རྟེན་འདིའི་ཆེས་དྭངས་གཙང་གི་ཁོར་ཡུག་ཅིག་ཡིན་དགོས་པ་ནི་སྨྲོས་མ་དགོས་ཏེ། རྒྱུ་མཚན་གནས་དེར་འཛོམས་པ་ནི་ལང་ཚོའི་ཁོ་ལག་གཞི་ནས་རྒྱས་པར་རྩོམ་པའི་གཞོན་ནུ་རྣམས་ཡིན་པས། ཁོ་ཚོའི་ལུས་སེམས་བདེ་ཐང་ནི་རྒྱུད་ལ་ཤེས་བྱ་སྦྱོར་བ་ལས་ཀྱང་གནད་ཀྱི་རྩ་བར་ཐུག་པ་ཞིག་ཡིན། ཡིན་ནའང་བློ་གྲོས་ན་མ་རྒྱས་པའི་སློབ་གྲོགས་རྣམས་ནི་རང་སྟོབས་ཀྱི་ལེགས་ཉེས་འབྱེད་པའི་སྤོབས་པ་ཞན་ཞིང་རང་ཚུགས་ཀྱི་སྤང་བླང་གི་རྣམ་གཞག་ཚུལ་བཞིན་དུ་དབྱེ་མི་ནུས་ཕྱིར། ལོག་པའི་ལམ་དུ་གོམ་པའི་རྡོག་སྣེ་བསྒྱུར་རྒྱུ་ཆེས་ཤིན་ཏུ་སླ་བས། ཁོ་ཚོར་ཡ་རབས་ཀྱི་ཕྱི་བཞིན་འབྲང་འོས་པའི་ཡང་དག་གི་ལམ་དང་བག་ཆགས་འཇོག་རྒྱུ་ནི་ལས་དོན་ལྕི་ཞིང་བླ་ན་མེད་པ་ཞིག་གོ། 
     སྤྱི་ཚོགས་དཔལ་འབྱོར་གྱི་གོང་འཕེལ་དང་འཚོ་བའི་རྒྱས་སྤྲོས་ཀྱི་ཚད་རིམ་པ་མཐོ་ཤོས་སུ་སླེབས་པའི་སྐབས་འདིར། སྤྱིར་འཛམ་གླིང་གི་སྐྱེས་པོ་ཕལ་ཆེ་བ་དང་། སྒོས་སུ་སློབ་གྲྭའི་ན་ཚོད་མ་སྨིན་པའི་སློབ་གྲོགས་རྣམས་ལའང་དུ་ཆང་གི་རིགས་ལ་བག་མེད་དུ་སྤྱོད་པའི་ངན་གོམས་ས་ངོས་སྣུམ་གྱིས་ཟིན་པ་ལྟར་གཅིག་ནས་གཉིས་དང་གཉིས་ནས་གསུམ་ལ་བགོ་བཞིན་འདུག་པའི་གནས་བབ་ཡིད་སྐྱོ་བ་རེ་བྱུང་དང་འབྱུང་བཞིན་འདུག་པ་དེས་སློབ་གྲོགས་རྣམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བཞིན་འདུག་ཅིང་། བློ་དང་རིག་པར་གནོད་སྐྱོན་བཟོས་ནས་རིམ་བཞིན་སློབ་སྦྱོང་ལའང་གནོད་ཀྱིན་འདུག་པ་ནི་མིག་མཐོང་ལག་ཟིན་དུ་འདུག་པས། དེ་ཉིད་ཀྱི་དགེ་སྐྱོན་ཚུལ་བཞིན་མ་མཐོང་བའི་སློབ་གྲོགས་རྣམས་ལ་དུག་རྫས་དེའི་ཉེས་དམིགས་བསྟན་ནས་ཐ་མག་དུས་ཡུན་སྔ་མོ་ནས་གོམས་པར་བྱ་བ་གཏན་འགོག་དང་དེ་ཉིད་དང་རིང་དུ་གྱེས་ཏེ་ལུས་བདེ་སེམས་སྐྱིད་ཀྱི་མི་ཚེའི་སྙིང་བོ་དོན་དུ་གཉེར་བར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བ་ཞིག་རེད།

     དེ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གྲྭའི་ཏང་ཨུས་གཙོ་སྒྲུབ་དང་སློབ་གྲྭའི་གུང་གཞོན་ཚོགས་པ། སློབ་མའི་ཀུན་སྤྱོད་དོ་དམ་ཁང་། སློབ་མའི་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་འོག་སློབ་གྲྭའི་སློབ་མ་རྣམས་ཀྱི་བདེ་ཐང་དམིགས་བྱར་བཟུང་ཏེ་འབག་བཙོག་དུག་རྫས་རིགས་ཀྱིས་མ་བསླད་པའི་ཡིད་འོང་གི་སློབ་རའི་ཁོར་ཡུག་ཅིག་འཛུགས་སྐྲུན་གྱི་སླད་དུ། “བདེ་ཐང་ཅན་གྱི་འཚོ་བ་གཉེར། དུ་བ་མེད་པའི་སློབ་ར་བསྐྲུན”ཞེས་པའི་སློབ་རར་དུ་བ་གཏན་འགོག་བྱེད་པའི་བྱེད་སྒོ་འཛམ་གླིང་ཐ་མག་མེད་པའི་ཉིན་མོ་དང་བསྟུན་ཏེ་སྤེལ། ཐེངས་འདིའི་བྱེད་སྒོའི་ཐོག་མའི་རིམ་པ་གསུམ་འདུས་སྟེ། ཐོག་མར་སློབ་གྲྭའི་སྣ་འཛོམས་ཐོག་ཁང་གི་མདུན་དུ་དུ་བའི་ཉེས་དམིགས་སྐོར་གྱི་འགྲེམས་རིས་དང་བརྡ་ཁྱབ་མང་པོ་བཟོས་ནས་སློབ་མ་རྣམས་ལ་འགྲེམ་སྟོན་བྱས་ཏེ་དུས་ཡུན་ངེས་ཅན་གྱི་ནང་དུ་ལྟ་ཀློག་བྱེད་དུ་བཅུག་པ་དང་། རིམ་པ་གཉིས་པ་ལ་སློབ་གྲྭས་སློབ་རའི་ཚད་མའི་དགེ་རྒན། དགེ་བའི་བཤེས་གཉེན་རིག་པ་སྨྲ་བའི་ཁྱུ་མཆོག་དགེ་རྒན་ཡེ་ཤེས་བཟང་བོ་ལགས་གདན་ཞུ་བྱས་ཏེ་ཟླ5བའི་ཚེས28དང29ཉིན་གྱི་དགོང་ཚོགས་སྐབས་སུ་རིམ་བཞིན་མཐོ་གཅིག་དང་མཐོ་གཉིས་རིམ་པའི་སློབ་མ་རྣམས་ལ2018ལོའི་སློབ་རའི་དུ་འགོག་ལེ་ཚན་གྱི་དུ་བས་སྙིང་ཁམས་ལ་གནོད་པའི་སྐོར་གྱི་ཆེད་དོན་ཉིང་ཁྲིད་བྱས།  
     དགེ་རྒན་དམ་པ་ཁོང་གིས་སློབ་གྲོགས་རྣམས་ལ་ཐ་མག་གི་ཉེས་དམིགས་སྐོར་དུ་ཐོག་མར་བོད་རང་གི་རིག་གནས་དང་འབྲེལ་ཏེ་གདམས་པ་སྟེ། བོད་ཀྱི་ཡུལ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས་མ་ནི་ཡི་གེ་དྲུག་མ་སྟེ་མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཆོས་སྐལ་ཡིན་ཕྱིར།  ཐ་མག་འཐེན་པ་ནི་ཆེས་མི་རུང་བའི་ལས་ཤིག་ཡིན་ནོ།།

     དེ་ཡང་བོད་ཀྱི་ཡུལ་འདིར་ཆེས་སྔ་མོའི་དུས་ནས་འགྲོ་བ་མིའི་རིགས་བྱུང་བ་དང་། དེ་ནས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་སྐད་ཀྱི་གདངས་དང་དེ་ནས་སྐད་ཆ་བྱུང་ཞིང་། འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་བྱུང་བ་དང་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ་རིག་གནས་སྣ་མང་ཞིག་གྲུབ་པ་ཡིན། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་དུ་ཞིང་ཕྱུག་རིག་གནས་མང་པོའང་དར་ཞིང་རྒྱས་པར་གྱུར་པ་དང་། རྗེས་སོར་བཙན་པོ་རིམ་བྱོན་གྱི་དུས་སུ་བོན་སྒྲུང་ལྡེའུ་གསུམ་གྱིས་ཆབ་སྲིད་བསྐྱངས་པ་སོགས་རིག་གནས་སྣ་མང་འཕེལ་བ་སྐབས་སྟུན་གྱི་དཔེ་དྲངས་ཏེ་གསུངས་ཤིང་། དེ་བཞིན་བསྟན་པ་ཕྱི་དར་གྱི་དུས་རྒྱུད་སྡེ་ཆེས་ཆེར་འཕེལ་བ་ལས། རྒྱུད་ཀྱི་དུག་གསུམ་དོར་བ་ལ་རྩ་དབུ་རྐྱང་རོ་གསུམ་ལས་དབུ་མ་ལས་རླུང་ཞུགས་གནས་ཐིམ་གསུམ་ལ་བརྟེན་དགོས་པ་ལ། དུ་བ་འཐེན་མཁན་ཞིག་གི་ངོས་ནས་རྩ་དབུ་མ་འགགས་པས་དུག་གསུམ་འདོར་མི་ཐུབ་པ་དང་། མ་ཎི་ཡིག་དྲུག་སོགས་བགྲང་བ་ལའང་ནུས་པ་གང་ཡང་མེད་པ་དང་། རྩ་དབུ་མ་ཡོད་པ་གསང་སྔགས་ཙམ་མ་ཟད་བོད་ཀྱི་གསོ་བ་རིག་པའི་གཞུང་། དགེ་ཆོས་སོགས་ཀྱི་གསུང་དྲངས་ནས་བདེན་དབང་བྱས་པ་དང་། དེ་བས་ཐ་མག་འཐེན་པ་ནི་ཚེ་འདི་ཕྱི་གཉིས་གང་ལའང་ཕན་པ་མེད་པ་ཞིག་ཡིན། བོད་ཀྱི་ཁ་དཔེ་ལ་ཡ་རབས་ཚང་ལ་ལྷ་བཟོ་གསུམ། མ་རབས་ཚང་ལ་དུ་འཐེན་གསུམ་ཞེས་གསུངས་པས་ཀྱང་དུ་འཐེན་ནི་མ་རབས་ཀྱི་ལུགས་ཤིག་ཡིན་པས་སློབ་གྲོགས་རྣམས་ཀྱིས་ངེས་པར་མཉམ་འཇོག་བྱ་དགོས།  
     དེའི་འཕྲོར་དགེ་རྒན་ཁོང་གིས་བོད་རབ་བྱུང་བཅོ་ལྔ་བའི་དུས་ཀྱི་ཕོ་ཉ་ཞེས་པའི་ས་ཕོ་རྟའི་ལོ་སྤྱི་ལོ1998ལོར་རྒྱལ་དབང་བཅུ་གསུམ་པས་བོད་ཀྱི་ཡུལ་དུ་ཐ་མག་གི་དུག་རྫས་གཏན་འགོག་བྱེད་པའི་སྤྱི་བསྒྲགས་ཏེ་རབ་བྱུང་བཅོ་ལྔ་བའི་ས་རྟ་ལོ་ནས་བཟུང་ལོ་ལྔའི་ནང་དུག་རྫས་ཤིག་རས་རྩ་བསྣུབས་གཏོང་དགོས་ཀྱི་སྦུག་དམ་རྩ་ཚིག་ཅེས་པ་སློབ་མ་རྣམས་ལ་བསྒྲགས་ཤིང་། དེའི་འབྲེལ་ཡོད་ནང་དོན་ལ་འགྲེལ་བ་ཚིག་གསལ་དང་བཅས་གནང་ནས་ཐ་མག་ནི་སློབ་གྲོགས་ཚོའི་འཕྲལ་ཕུགས་གང་ལའང་ཕན་པ་ཏིལ་ཙམ་ཡང་མེད་ཅིང་། དེ་ལས་ལྡོག་སྟེ་ཉེན་ཁ་དང་གནོད་སྐྱོན་གྱིས་ཁེངས་པས་ངེས་པར་དུ་དུས་ད་ལྟ་ཉིད་ནས་སྤང་དགོས་པའི་བསླབ་བྱ་གནང་།
     རིམ་པ་གསུམ་པ་ལ་ཟླ5བའི་ཚེས31ཉིན་ཏེ་འཛམ་གླིང་དུ་འགོག་ཉིན་མོར་སློབ་གྲྭའི2018ལོའི་སློབ་རའི་དུ་འགོག་དམ་བཅའི་མཛད་སྒོ་སྤེལ། ཐོག་མའི་ཆ་ལ་སློབ་གཙོ་གཞོན་པ་དགེ་རྒན་སྟོབས་ལྡན་ལགས་ཀྱིས་རྒྱ་ཆེ་བའི་དགེ་སློབ་ཡོངས་ལ་ཐ་མག་གི་ཉེས་དམིགས་དང་འབྲེལ་ཏེ་སློབ་གྲྭས་ད་སྔའི་བར་དུ་སློབ་རར་ཐ་མག་གཏན་འགོག་གི་དྲིལ་སྒྲོག་དང་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་སྤྱི་སྡོམ་གྱིས་ཐ་མག་འཐེན་མི་རུང་བའི་ཁ་ཏ་སློབ་གསོ་གནང་བ་དང་། དེར་མཐུད་ནས་དགེ་སློབ་ཡོངས་ཀྱིས་ཐ་མག་གིས་མིའི་ལུས་ཕུང་ལ་གནོད་སྐྱོན་བཟོ་བའི་བརྙན་ཐུང་སྐོར་ཞིག་ལ་བལྟས།  བརྒྱུད་རིམ་གསུམ་པར་སློབ་མའི་ཚོགས་པའི་ཚབ་བྱེད་པས་དེ་རིང་ནས་བཟུང་སློབ་མ་རྣམས་ཀྱི་ཚབ་བྱེད་གྱིས་ཏེ་ཐ་མག་མི་འཐེན་པའི་དམ་བཅས་ཤིང་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཀྱང་ལག་པ་གནམ་ལ་འཕྱར་ནས་དམ་བསྒྲགས་བྱས་པར་མ་ཟད་འཕྲེད་བྱང་དམར་པོའི་སྟེང་དུ་དམ་བཅའི་མིང་རྟགས་བཀོད། དེའི་རྗེས་སུ་སློབ་མའི་ཀུན་སྤྱོད་དོ་དམ་ཁང་གིས་སློབ་རའི་སྒྲིག་སྲོལ་ལས་ཐ་མག་འཐེན་མི་ཆོག་པའི་སྒྲིག་སྲོལ་ཁྱབ་བསྒྲགས་བྱས། མཐར་སློབ་གཙོ་པདྨ་དབང་ཆེན་གྱིས་སྤྱིར་ཐ་མག་ནི་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་གཤེད་མ་དང་སྒོས་སུ་མི་རིགས་ཀྱི་མ་འོངས་པའི་གཞིས་འཛིན་མཁན་སློབ་གྲོགས་རྣམས་ཀྱིས་ཐ་མག་འཐེན་མི་རུ་ཞིང་། མི་འཐེན་པའི་དམ་བཅས་པར་བཀའ་དྲིན་ཞུས་ཤིང་། ལུས་སེམས་བདེ་ཐང་གི་ངང་ནས་རང་ཉིད་ཀྱི་ཕུགས་བསམ་དང་མ་འོངས་པར་བརྩོན་དགོས་པའི་སྐུལ་མའི་གཏམ་བཤད་དང་བཅས་ཏེ་ཐེངས་འདིའི་བྱེད་སྒོ་མཇུག་རྫོགས་སོ།།
     ཐེངས་འདིའི་བྱེད་སྒོ་བརྒྱུད་སློབ་མ་རྣམས་ཀྱིས་ཐ་མག་གི་ཉེས་དམིགས་དང་སྐྱོན་མཚང་གི་ཆ་གསལ་བོར་རྟོགས་ཤིང་ཐ་མག་གིས་རང་གི་བདེ་ཐང་དེ་ཉིད་རིམ་གྱིས་བགམ་གྱིན་པ་ཚོར་རྟོགས་བྱུང་བར་མ་ཟད། གཟུགས་མེད་ཀྱིས་གོ་མཚོན་དེས་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་ལ་གཙེས་བཞིན་པའི་ངེས་ཤེས་གསལ་བོར་རྙེད་ནས། དུས་ད་ལྟ་ཉིད་ནས་ཐ་མག་དང་རིང་དུ་གྱེས་ཤིང་གཏན་དུ་ཐ་མག་མི་འཐེན་པའི་ཆོད་སེམས་བརྟན་པོ་བཅིངས་པས། ཤེས་རིག་གི་མངའ་ཐང་ཁྱོན་ཡངས་ཤིང་ཤེས་བྱའི་འབྲས་བུ་བཅུད་དུ་སྨིན་པའི་རིག་པའི་སྐྱེད་ཚལ་འདིའི་ནམ་མཁའ་གཡའ་དག་ཅིང་ས་གཞིའི་རྡུལ་གཙང་བའི་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་པའི་རེ་འབྲས་དོན་དུ་སྨིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...