སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་ནས་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-11 10:14:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


 

     སྤྱི་ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་རྩོམ་སྒྲིག་ཚན་ཆུང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་གི་རིག་གཞུང་སྙན་ཞུ་ཁང་ནས་གཟབ་རྒྱས་ངང་སྤེལ།
 

     མཛད་སྒོ་འདིར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་ཞི་གཞོན་པའམ་རོང་བོ་དགོན་པའི་དགོན་བདག་བླ་མ་ཤར་སྐྱབས་མགོན་བསྟན་འཛིན་འཇིགས་མེད་སྐལ་ལྡན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུན་ཐར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་སྐྱབས་རྒྱལ་སོགས་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད། སློབ་ཆེན་ཁག་ནས་ཕེབས་པའི་དགེ་རྒན་ཆེན་མོ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ། དགོན་པ་སོ་སོ་ནས་ཕེབས་པའི་ལས་སྣ་དང་དགེ་བཤེས། མཁས་དབང་ཁོང་གི་བུ་སློབ་དང་འབྲེལ་ཡོད་གྲོགས་པོ། སློབ་གྲོགས། ཡུལ་མི་སྤུན་ཟླ་200ལྷག་ཕེབས་ཡོད་ལ། ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་བློ་མཐུན་དབང་གྲགས་ཀྱིས་མདོ་འཛིན་མཛད།
 


 

     མཛད་སྒོའི་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་ཞི་གཞོན་པའམ་རོང་བོ་དགོན་པའི་དགོན་བདག་བླ་མ་ཤར་སྐྱབས་མགོན་བསྟན་འཛིན་འཇིགས་མེད་སྐལ་ལྡན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུན་ཐར། རོང་བོ་དགོན་པའི་དགེ་བཤེས་བློ་བཟང་ཆོས་གྲགས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་སངས་རྒྱས་སོགས་ཀྱིས་མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་རྩོམ་སྒྲིག་དང་དཔར་སྐྲུན། འགྲེམ་སྤེལ་སོགས་ཀྱི་བྱ་བར་ཞིབ་ཕྲའི་ངོ་སྤྲོད་དང་ཚད་མཐོའི་གདེངས་འཇོག་བྱས། དེ་དང་ཆབས་གཅིག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔེ་མཛོད་ཁང་དང་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་། མང་ཚོགས་སྒྱུ་རྩལ་ཁང་བཅས་ལས་ཁུངས་གསུམ་གྱིས་མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་ཡུལ་དངོས་ནས་ཉར་ཚགས་བྱས་ཏེ་དཔང་ཡིག་རྩོམ་སྒྲིག་ཚན་ཆུང་གི་འགན་འཛིན་མི་སྣར་གནང་།
 

     ཕྱི་དྲོར། བོད་རིག་པའི་ཆེད་མཁས་པ20ལྷག་གིས་མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་གྱི་ཐད་ནས་གཏིང་ཟབ་པའི་རིག་གཞུང་བགྲོ་གླེང་སྤེལ་ཞིང་། ཡུལ་དངོས་རྣམ་པ་ཤིན་ཏུ་འཁྲུག་ཆ་དོད་ལ། གསུང་འབུམ་འདི་ལས་མངོན་པའི་རིག་གནས་རིན་ཐང་དང་སྤྱི་ཚོགས་རིན་ཐང་ལ་ཚད་མཐོའི་གདེང་འཇོག་འཐོབ།
     ངོ་སྤྲོད་བྱས་པ་ལྟར་ན་མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་རྩོམ་སྒྲིག་ཚན་ཆུང2002ལོའི་ཟླ3པར་ཚུགས་པ་ནས་བཟུང་། ལོ་ངོ15ལྷག་ལ་དཀའ་སྤྱད་ཧུར་བརྩོན་གྱིས་མཁས་དབང་འཇིགས་མེད་ཐེག་མཆོག་གི་བརྩམས་ཆོས་ཕྱོགས་སོ་སོ་ནས་འཚོལ་སྡུད་དང་རྩོམ་སྒྲིག་བྱས་པ་བརྒྱུད། 2018ལོའི་ཟླ1པོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་བསྐྲུན་ལེགས་འགྲུབ་བྱུང་། གསུང་འབུམ་འདིར་བོད་བརྒྱུད་ནང་བསྟན་གྱི་ལྷ་ཚོགས་ཆེན་མོ་ཕུད་པའི་པོད་དྲུག་ཡོད་ལ། ནང་རིག་པ་དང་རྣམ་ཐར། ལོ་རྒྱུས། སེམས་ཁམས་རིག་པ། དཀར་ཆག་རིག་པ། བརྡ་སྤྲོད། བསྒྱུར་རྩོམ། སྙན་ངག དཔྱད་རྩོམ་སོགས་རིག་ཚན་ཁྱབ་ཁོངས་གང་མང་ཞིག་བསྡུས་ཡོད་པས། བོད་ཀྱི་རིག་གནས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་སྐུལ་ལ་ནུས་པ་ཐོན་ཐུབ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...