སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐང་རྒྱལ་རབས་དུས་ཀྱི་བོད་ཡིག་ཡིག་རྙིང《ཏུན་ཧོང་དཔེ་ཆ་བྲིས་མ》སྲུང་སྐྱོང་ལས་དོན་དངོས་སུ་སྤེལ་འགོ་ཚུགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-12 10:21:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
      ཉེ་ཆར། ཏུན་ཧོང་མའོ་ཀའོ་ཁུ་དཔེ་ཆ་ཉར་ཚགས་བྲག་ཕུག་ནས་ཐང་རྒྱལ་རབས་ཀྱི་བོད་ཡིག་ཡིག་རྙིང《ཏུན་ཧོང་དཔེ་ཆ་བྲིས་མ》12ལ་སྲུང་སྐྱོང་བྱ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཡོད།
      ད་ལྟ་ཏུན་ཧོང་གྲོང་ཁྱེར་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི《ཏུན་ཧོང་དཔེ་ཆ་བྲིས་མ》ནི་ཐང་རྒྱལ་རབས་དུས་བོད་བཙན་པོས་ཏུན་ཧོང་ལ་དབང་སྒྱུར་བྱས་སྐབས་ཀྱི་བརྩམས་ཆོས་ཡིན་པ་དང་། 1900ལོར་ཏུན་ཧོང་མའོ་ཀའོ་ཁུ་དཔེ་ཆ་ཉར་ཚགས་བྲག་ཕུག་ནས་རྙེད་ཅིང་། ཁྱོན་བསྡོམས་ཁག12དང་ཤོག་གྲངས21ཡོད་ལ་སོ་མ་སེར་པོའི་ཤོག་བུས་བཟོས་ཡོད། ནང་དོན་ཚང་མ་ལག་བྲིས་བྱས་པའི་བོད་ཡིག་ཡིག་རྙིང་གི་དཔེ་ཆའི་མ་ཡིག་ཡིན་པ་དང་བོད་བཙན་པོའི་དུས་སྐབས་ཀྱི་བོད་ཡིག་ཀྱི་ཡིག་ཆ་ཡིན་པ་རེད།
      ཏུན་ཧོང་གྲོང་ཁྱེར་ཡིག་ཚགས་ཅུས་ཀྱི་ཅུས་ཀྲང་ཀྲང་ཧྲི་ཀྲུང་གིས། 《ཏུན་ཧོང་དཔེ་ཆ་བྲིས་མ》12དེ་དག་ཏུན་ཧོང་གྲོང་ཁྱེར་ཡིག་ཚགས་ཁང་གི་ལས་དོན་མི་སྣས་དུས་རབས་གོང་མའི་ལོ་རབས་80ལ་པར་མཛོད་ཁང་གཙང་བཤེར་བྱེད་དུས་རྙེད་པ་ཡིན་ཅིང་། མ་དངུལ་དཀོན་པ་དང་ལག་རྩལ་ཞན་པ། ཚན་རིག་དང་མཐུན་པའི་ནུས་ལྡན་སྲུང་སྐྱོང་བྱེད་ཐུབ་མེད་པའི་དབང་གིས་སེར་པོ་དང་སོབ་སོབ་ཏུ་འགྱུར་བ། ཆ་ཤས་རལ་སྐྱོན་ཤོར་བ་སོགས་ཀྱི་སྣང་ཚུལ་ཡོད་ཅེས་བརྗོད།
      དེར་བརྟེན་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་ཉེ་དུས་ཏུན་ཧོང་གྲོང་ཁྱེར་ཡིག་ཚགས་ཅུས་ཀྱི《ཏུན་ཧོང་དཔེ་ཆ་བྲིས་མ》སྲུང་སྐྱོང་དང་གསར་སྤེལ་གྱི་རྣམ་གྲངས་ལ་ཆོག་མཆན་སྤྲད་པ་དང་། ཆེད་སྤྱོད་མ་དངུལ་དམིགས་འཛུགས་བྱས་ཏེ《ཏུན་ཧོང་དཔེ་ཆ་བྲིས་མ》12དེར་སྲུང་སྐྱོང་བྱས་ནས་ཉར་ཚགས་དུས་ཡུན་རིང་ཤོས་སུ་མངོན་འགྱུར་བྱ་རྒྱུ་ཡིན་ལ། དེ་དང་དུས་མཚུངས་སུ་ཆེད་ལས་ཀྱི་ཡོ་བྱད་བེད་སྤྱོད་བྱས་ནས《ཏུན་ཧོང་དཔེ་ཆ་བྲིས་མ》ལ་མ་དཔེ་བསྐྱར་བཟོ་དང་གྲངས་གཞི་ཅན་གྱི་བཤར་འབེབས་བྱས་ནས་གྲངས་གཞིའི་ཡིག་ཚགས་སུ་འགྱུར་རྒྱུ་དང་། ཆེད་ལས་མི་སྣ་སྒྲིག་བཙུགས་བྱེད་ནས《ཏུན་ཧོང་དཔེ་ཆ་བྲིས་མ》ཡི་དཔྱད་ཡིག་འཚོལ་སྡུད་དང་འབྲེལ་ཡོད་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།
      མིག་སྔར་ཏུན་ཧོང་གྲོང་ཁྱེར་ཡིག་ཚགས་ཅུས་ཀྱིས་ཏུན་ཧོང་ཞིབ་འཇུག་ཁང་སོགས་སྡེ་ཁག་ལ་སྲུང་སྐྱོང་འཆར་གཞི་ཞིབ་ཕྲ་བཟོ་འགོད་མངགས་བཅོལ་བྱས་ཟིན་པ་དང་། རྣམ་གྲངས་ཧྲིལ་པོ་སྔོན་དཔག་བྱས་ན་ཕྱི་ལོའི་ཟླ་དང་པོར་ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད།
      ཤེས་རྟོགས་བྱས་པར་གཞིགས་ན། 《ཏུན་ཧོང་དཔེ་ཆ་བྲིས་མ》ནི་ཏུན་ཧོང་ཡིག་ཚགས་ཀྱི་གྲས་ཤིག་ཡིན་པ་དང་། ཏུན་ཧོང་ཡིག་ཚགས་ནི་དུས་རབས་ཉི་ཤུ་པར་ཀྲུང་གོའི་རིག་གནས་ཀྱི་ལོ་རྒྱུས་ཐོག་གི་གསར་རྙེད་གལ་ཆེན་ཞིག་ཡིན། དེར“ཀྲུང་གོའི་ལོ་རྒྱུས་ཀྱི་ཤེས་བྱ་ཀུན་བཏུས”“གནའ་བོའི་རིག་གཞུང་གི་རྒྱ་མཚོ”ཞེས་བརྗོད། 2010ལོར《ཀྲུང་གོའི་ཡིག་ཚགས་ཡིག་ཆའི་ཤུལ་བཞག་མིང་གཞུང》 ནང་ཚུད་ཡོད། 《ཏུན་ཧོང་དཔེ་ཆ་བྲིས་མ》ཡིས་ནང་བསྟན་བོད་ནས་རིམ་བཞིན་ཤར་ཕྱོགས་བརྒྱུད་པར་ཞིབ་འཇུག་བྱ་བར་རྩ་ཆེའི་ལོ་རྒྱུས་དཔྱད་གཞི་འདོན་སྤྲོད་བྱས་ཡོད། རང་རྒྱལ་གནའ་རབས་ཀྱི་ཡིག་ཆའི་ནང་ནས་རྙེད་དཀའ་བའི་རིག་གནས་ཀྱི་སྙིང་བཅུད་ཡིན་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...