སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོ་དང་གཉིས་པའི་ཆོས་སེང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་སྤེལ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-14 10:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡིས་ཚད་མ་རིག་པ་མི་རིགས་སློབ་གྲྭ་སོ་སོར་དར་སྤེལ་གཏོང་དགོས་པའི་དགོངས་དོན་ལག་ལེན་མཐིལ་ཕྱིན་དང་མཆོག་ཆན་ཐོབ་པ་བརྒྱུད་ནས། ཇི་སྐད་དུ་ཚད་མར་གྱུར་པའི་སྟོན་དང་བསྟན་པ་མཆོག ། དངོས་པོའི་སྟོབས་ཤུགས་རིགས་པས་སྒྲུབ་པའི་ཚུལ། ། གསུང་རབ་རྒྱ་མཚོར་ལྟ་བའི་མིག་གཅིག་པུ། ། ཚད་མ་ཞེས་རྒྱལ་ཚབ་རིན་པོ་ཆེས་གསུངས་པ་ལྟར། སློབ་མ་རྣམས་ཤེས་བྱའི་གནས་ལ་འཇུག་པར་རིག་པའི་སྒོ་མོ་འབྱེད་པ་དང་བསམ་གཞིག་གི་ནུས་པ་བོགས་འདོན་པ། རང་རྟོག་གི་ནུས་པ་ཆེར་བསྐྱེད་པ། སྨྲ་བརྗོད་ཀྱི་རྩལ་དང་སྤོབས་པ་སྐྱེད་སྲིང་བྱེད་པ་སོགས་དམིགས་སུ་བཟུང་སྟེ། རིག་ཚན་གང་ལའང་འཇུག་བདེ་ཞིང་འཛིན་སླ་ལ། སྤྲོ་བ་འཕེལ་བར་བྱེད་པའི་ཐུན་མོང་མ་ཡིན་པའི་བསྡུས་གྲྭའི་རིགས་ལམ་འདི་རྒྱུན་འཛིན་དང་གོང་སྤེལ་བྱེད་ཆེད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་དང་གཉིས་པས་མཉམ་དུ་སྒྲུབ་པའི་ཆོས་སེང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱ་འགུལ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་བསྡུས།
     རིགས་ལམ་འགྲན་བསྡུར་གྱི་ཐོག་མའི་ཆ་ལ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཚད་མའི་དགེ་རྒན་ཨ་ཁུ་བསོད་ནམས་ཡེ་ཤེས་དབུ་མཛད་པའི་ཐེངས་འདིའི་ཚོགས་ཞུགས་དགེ་རྒན་རྣམས་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དབུ་ཁྲིད་དང་བོད་ཡིག་དགེ་རྒན་རྣམས་མཉམ་དུ་ཚོགས་ཁང་དུ་འདུས་ནས་སློབ་གསོ་དང་འབྲེལ་བའི་ཚད་མའི་རིགས་ལམ་འགྲན་བསྡུར་སྤེལ་བའི་ཉམས་མྱོང་བརྗེ་རེས་ཀྱི་བགྲོ་གླེང་བྱས། ཐོག་མར་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གཙོ་གླིང་ཚ་པདྨ་དབང་ཆེན་གྱིས་ཐེངས་འདིའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་སྤེལ་བའི་དགོས་པ་ཉིང་དགོས་དང་བཅས་པ་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྡོངས་ནས་འགལ་རྐྱེན་མང་པོ་དང་ལྡན་པ་རྒྱ་ཆེར་གླེང་བ་དང་། དེའི་འཕྲོར་མཐོ་འབྲིང་དང་པོའི་ཚད་མའི་དགེ་རྒན་ཨ་ཁུ་བསོད་ནམས་ཡེ་ཤེས་ཀྱིས་སློབ་མའི་ བསམ་པ་བཟང་བོའི་ཕྱོགས་སུ་བསྒྱུར་རྒྱུ་ཆེས་གལ་ཆེ་ཞིང་གཞན་དོན་ལ་འབད་པའི་སླད་དུ་སློབ་སྦྱོང་ལ་འབད་པ་བྱ་དགོས་ཞེས་གསུངས་པ་དང་། ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཚད་མའི་འཛིན་གྲྭ་གཉེར་བའི་མྱོང་བའང་རགས་བསྡུས་ཀྱིས་གསུངས་སོ།། དེར་མཐུད་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་ཚད་མའི་དགེ་རྒན་ཨ་ཁུ་ཡེ་ཤེས་བཟང་པོ་མཆོག་གིས་ཚད་མ་རིག་པ་གངས་ཅན་གྱི་ཡུལ་དུ་དར་བའི་ལོ་རྒྱུས་དང་སྦྲགས་ནས་ཚད་མ་རིག་པ་སློབ་གྲྭར་སྤེལ་བར་དོན་སྙིང་ཆེན་པོ་ལྡན་ཞིང་ང་ཚོས་དེ་ལ་དང་དོད་དང་མཐོང་ཆེན་བྱེད་དགོས་ལུགས་ཀྱི་གསུང་རྨ་མེད་པ་གནང་ངོ་།།

     ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་། སློབ་གྲྭའི་ཕུན་ཚོགས་རྣམ་རྒྱལ་གླིང་གི་མདུན་དུ་“ཆོས་སེང་རྟགས་མའི”བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་དངོས་སུ་མགོ་བརྩམས། འགྲན་བསྡུར་གྱི་གོ་རིམ་ནི་ཐུན་མོང་དང་མི་སྒེར་གྱི་རྟགས་གསལ་རིམ་པ་གཉིས་སུ་ཕྱེ་ཞིང་། ཐུན་མོང་གི་རྟགས་གསལ་ནི་རིམ་པ་བཞིན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཐུན་མོང་གི་དཔེ་སྟོན་རྟགས་གསལ་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཅིག་རིམ་པའི་ཐུན་མོང་གི་དཔེ་སྟོན་རྟགས་གསལ། མཐོ་གཉིས་པའི་རིམ་པའི་ཐུན་མོང་གི་དཔེ་སྟོན་རྟགས་གསལ། ཐུན་མོང་ཕན་ཚུན་གཏུགས་པ་ལ་ཡང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་དང་གཉིས་པའི་ཐུན་མོང་གི་འཛིན་གྲྭ་གཉིས་སྔ་ཕྱིར་རིགས་ལུང་བ་དང་དམ་བཅའ་བསྡད་ནས་རྟགས་གསལ་བཏང་བ་དང་། འགྲན་བསྡུར་གྱི་གོ་རིམ་གཉིས་པ་མི་སྒེར་གྱི་རྟགས་གསལ་ལ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཟོན་ཐར་མགོན་སོགས་སློབ་མ10དང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དཔའ་འབྲུག་རྒྱལ་སོགས་སློབ་མ10སྔ་ཕྱིར་རིགས་ལུང་བ་དང་དམ་བཅའ་བར་བསྡད་ནས་རྟགས་གསལ་བཏང་།

     ཐེངས་འདིའི་འགྲན་ཞུགས་ལ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཚད་མའི་དགེ་རྒན་ཨ་ཁུ་བསོད་ནམས་ཡེ་ཤེས་སོགས་དགེ་རྒན་ལྔ་ཡི་སྣེ་ཁྲིད་འོག་སློབ་གྲོགས29ཞུགས་ཤིང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་ཚད་མའི་དགེ་རྒན་ཨ་ཁུ་བླ་ནག་པ་ཡེ་ཤེས་བཟང་པོའི་མཛུབ་སྟོན་འོག་མཐོ་གཅིག་མཐོ་གཉིས་ཀྱི་ཚད་མ་དགའ་མོས་འཛིན་གྲྭ་གཉིས་ཀྱི་སློབ་གྲོགས60ལྷག་རིགས་ལམ་འགྲན་བསྡུར་ལ་ཞུགས། སློབ་གྲོགས་ཚོའི་རྟགས་གསལ་གྱི་ནང་དོན་ལ་ཚད་མའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་བོད་ཀྱི་ལོ་རྒྱུས་དང་བརྡ་སྤྲོད་སོགས་ལས་གཞན། དེང་རབས་ཀྱི་བསླབ་ཚན་སྤྱི་ཚོགས་ཚན་རིག་གི་སྐོར་དང་རང་བྱུང་ཚན་རིག་གི་སྐོར་སོགས་ཀྱང་འདུས་བས་རྟགས་གསལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་འགྲན་ཞུགས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབ་པའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་ཐེངས་ཤིག་ཡིན་པ་དང་། འགྲན་ཞུགས་སློབ་གྲོགས་རྣམས་ཀྱི་རིགས་ལམ་གློག་ལས་མྱུར་ཞིང་བྱང་ཆ་ཕུན་སུམ་ཚོགས་པ་ལྡན་ལ། སྤོབས་པའི་གཟེངས་མཐོ་ཞིང་སྨྲ་བའི་ལྕེ་བདེ་བ། ཕྱི་ཡི་ཉམས་མཛེས་ཤིང་གཏིང་གི་ཡིད་བཟང་བ། རྣམ་དཔྱོད་ཀྱི་སྟོབས་རྒྱས་ཤིང་ཤེས་རབ་ཀྱི་རྩལ་རྫོགས་པས་དེར་འདུས་ཀྱི་དགེ་སློབ་ཀུན་གྱི་ཉན་ན་རྣ་ལ་སྙན་ཞིང་བལྟས་ན་སེམས་པ་དྲོ་བར་གྱུར་ཅིང་བློ་བསྐྱེད་དང་དགའ་བསུ་མི་དམན་པ་ཐོབ།  ཆུ་ཚོད་གསུམ་ལྷག་གི་འགྲན་བསྡུར་བརྒྱུད་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གྲོགས་ཟོན་ཐར་མགོན་སོགས་མི་བཅུ་ལ་མི་སྒེར་གྱི་བྱ་དགའ་རིམ་པ་བཞིན་བསྩལ་བ་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གྲོགས་གཅོད་པ་སྐྱིད་སོགས་ལའང་མི་སྒེར་གྱི་བྱ་དགའ་རིམ་པ་བཞིན་དུ་བསྩལ།

     མཇུག་ཏུ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཨ་ཁུ་བསོད་ནམས་ཡེ་ཤེས་ཀྱིས་སློབ་གྲོགས་རྣམས་ལ་ལོ་ན་གཞོན་པའི་དུས་འདི་གཅེས་འཛིན་གྱིས་ཏེ་གཙོ་བོ་རང་སྟོབས་ལ་བརྟེན་ནས་ནན་ཏན་གྱིས་སློབ་སྦྱོང་ཡག་པོ་ཞིག་དང་ལྷག་པར་བསྡུས་གྲྭའི་རིགས་ལམ་ལ་འབད་པས་སྦྱང་བ་བྱ་རྒྱུ་ནི་གལ་ཆེ་ཞིང་། དེ་ཉིད་ལ་བརྟེན་ནས་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་བདེ་བླག་ཏུ་འཇུག་དགོས་པ་ཞེས་གསུངས། མཐར་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གཙོ་སྟོབས་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་རིགས་ལམ་འགྲན་བསྡུར་རམ་ཉམས་མྱོང་བརྗེ་རེས་ཀྱི་བྱ་འགུལ་བཀྲ་ཤིས་པའི་ངང་མགོ་བརྩམས་ཤིང་བདེ་ལེགས་ཀྱི་སྒོ་ནས་མཇུག་བསྡུས་པར་རྟེན་འབྲེལ་དང་བཅས། མ་འོངས་པར་མི་རིགས་ཀྱི་སློབ་གསོ་གོང་དུ་སྤེལ་བའི་སླད་དུ་འདི་ལྟའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཐུབ་པའི་སྨོན་ལམ་གྱིས་ཐེངས་འདིའི་བྱ་འགུལ་ཡོངས་སུ་རྫོགས་པར་བྱས།

     སྐབས་དང་པོའི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་གཉིས་ཀྱིས་མཉམ་བསྒྲུབ་ཀྱིས་སྤེལ་བའི“ཆོས་སེང་རྟགས་མའི”བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་འདི་སྤེལ་བར་བརྒྱུད་ནས། སློབ་རའི་སྣ་མང་ཤེས་བྱའི་སྐྱེད་ཚལ་གྱི་ཁྱོན་ལ་ཤེས་རིག་གི་མེ་ཏོག་བཀྲགས་མདངས་ཀྱིས་བཞད་ཅིང་ཞིམ་མངར་བཅུད་ལེགས་ཀྱི་དྲི་བསུང་རྣམ་པར་འཐུལ་བར་བྱས་པར་མ་ཟད། སློབ་གྲོགས་རྣམས་ཀྱང་བསྡུས་གྲྭའི་རིགས་ལམ་འདིའི་ཐུན་མོང་མ་ཡིན་པའི་སྤྲོ་བ་དང་རིགས་པ་ལ་སྲེད་པར་བྱས་ཏེ། གཞུང་བརྒྱའི་འཇུག་སྒོ་ལྟ་བུའི་རིགས་ལམ་འདི་ལ་སྔར་བས་བརྩོན་སེམས་དང་འབད་པ་ཤ་ཟད་རུས་ལ་ཐུག་པ་ཞིག་བསྐྱེད་པའི་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་པར་བྱས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...